འཆི་མེད་ལྷ་མོ་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མིའི་འོས་འགྲན་ནང་བཞུགས་འདུག
ཟླ་༧ པའི་ཚེས་༦ ཉིན་༧གོང་ས་མཆོག་གི་འཁྲུངས་སྐར་ཡིན་པ་དང་བསྟུན། བོད་དོན་འཐབ་རྩོད་པ་འཆི་མེད་ལྷ་མོས་བོད་མི་མང་པོ་གནས་སྡོད་བྱེད་ཡུལ་ཁེ་ན་ཌའི་ཊོ་རོན་ཊོ་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མིའི་འོས་མར་ལངས་རྒྱུའི་དེབ་སྐྱེལ་བྱས་འདུག་པ་དང་། སྐབས་དེར་བོད་མི་དང་རྒྱབ་སྐྱོར་བ་མང་པོ་ཞིག་གིས་ཁོང་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་ཆེད་དུ་སླེབས་འདུག
དེ་ཡང་འཆི་མེད་ལྷ་མོས་བོད་མི་མང་པོ་གནས་ཡུལ་པག་ཌེལ་ཧེ་པག་ས་གནས་ཀྱི་གྲོང་སྡེའི་འཐུས་མིར་འོས་འགྲན་བྱེད་རྒྱུ་ཡིན་འདུག་པ་དང་། ཁུལ་དེ་ནས་ཉེ་ཆར་ཟླ་༦ པའི་ཚེས་༢ ཉིན་མངའ་སྡེའི་གྲོས་ཚོགས་འཐུས་མིར་བོད་མི་དཀར་པོ་ཆེ་བུ་ཁྲིད་བསྐྱར་དུ་འདེམས་ཐོན་བྱུང་ཡོད་པ་རེད་འདུག
འཆི་མེད་ལྷ་མོས་ས་ཁུལ་དེའི་མི་མང་ཚོའི་ཁང་པའི་མཐུན་རྐྱེན་ཡག་ཏུ་གཏོང་ཆེད་དང་ཁང་གླ་ཚད་བཀག་བཟོ་ཆེད། སྤྱི་ཚོགས་འཕེལ་རྒྱས། གནམ་གཤིས་འགྱུར་ལྡོག་ལ་འཐབ་རྒོལ་སོགས་ཀྱི་ཆེད་དུ་གྲོང་སྡེའི་ལྷན་ཚོགས་ཀྱི་འཐུས་མིའི་འོས་མིར་ལངས་ཀྱི་ཡོད་སྐོར་བརྗོད་འདུག
ཕྱི་ལོ་༢༠༡༩ ལོར་ཁེ་ན་ཌའི་སྙན་གྲགས་ཆེ་བའི་ཀྲོ་རོན་ཀྲོ་གཙུག་ལག་སློབ་གཉེར་ཁང་གི་ཁྱབ་ཁོངས་སུ་ཡོད་པའི་(Scarborough) མཐོ་སློབ་ཏུ། སློབ་མའི་མཐུན་ཚོགས་ཀྱི་ཚོགས་གཙོར་ཁོང་འདེམས་ཐོན་བྱུང་སྐབས། དྲ་ཐོག་ནས་རྒྱ་རིགས་སློབ་མ་མང་པོ་ཞིག་གིས་ཚིག་རྩུབ་དང་སྡིགས་སྐུལ་བྱས་ཡོད་པའི་གནས་ཚུལ་ཆེན་པོ་ལྷག་ནས། རྒྱལ་སྤྱི་དང་བཙན་བྱོལ་སྤྱི་ཚོགས་ནང་ཁོང་གི་ཐོག་ལ་དོ་སྣང་ཆེན་པོ་སླེབས་ཡོད་པ་རེད། ཁོང་གིས་རྒྱུན་དུ་བོད་དོན་ལས་འགུལ་ནང་མཉམ་ཞུགས་དང་སྣེ་ཁྲིད་བྱེད་ཀྱི་ཡོད་པ་རེད།
ཕྱི་ལོ་༢༠༡༩ ལོར་སྐབས་དང་པོའི་བོད་ཀྱི་ན་གཞོན་གཟེངས་རྟགས་དེ་ཁོང་ལ་ཐོབ་ཡོད་པ་དང་། སྐབས་དེར་ཁོང་གིས་“སྤྱི་ཚོགས་ནང་ང་གདོང་པ་གསར་པ་ཡིན་པས། ངའི་ལས་ཀ་དེ་བྱས་ཚར་བ་ལས་བྱེད་རྒྱུ་མང་བ་ལྷག་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་རིང་འདིར་ཉམས་མྱོང་དེ་བསགས་ནས་སེམས་ཤུགས་ཞེ་དྲག་འཕར་སོང་། ང་རང་ངོས་ནས་གང་ཡོང་ཅི་ཡོང་དང་། གང་ཐུབ་ཐུབ་ཀྱིས་ན་གཞོན་ཚོའི་མིག་དཔེ་ལྟ་ས་ཞིག་བྱེད་ཐུབ་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན་”ཞེས་བརྗོད་པའི་ཐོག བོད་ཀྱི་འཆམ་མཐུན་རྡོག་རྩ་ཆིག་སྒྲིལ་ཐད་ལ་ཁོང་གིས་བོད་ཀྱི་ཆོལ་ཁ་གསུམ་པོ་ནི་ཨ་མ་གཅིག་གི་བུ་མོ་སྤུན་གསུམ་ལྟར་ཡིན་པ་དང་། བུ་མོ་སྤུན་གསུམ་གྱི་ཨ་མ་བོད་ཡིན་ཚུལ་བཤད་པ་མ་ཟད། “ང་ཚོའི་ལས་འགན་གཙོ་བོ་དེ་གཞོན་སྐྱེས་ནང་ལ་བོད་གལ་ཆེན་པོ་རེད་བསམ་པའི་ཚོར་བ་དེ་སྐྱེ་རྒྱུ་དང་། ནུས་པ་ཆེ་རུ་གཏོང་བའི་ཐབས་ཤེས་བྱེད་དགོས་”ཞེས་གསུངས་ཡོད་པ་རེད།
ལོ་སྔོན་མའི་ཟླ་༡༠ པའི་ཚེས་༡༨ ཉིན་ཟླ་༡༠ པའི་ཚེས་༡༨ ཉིན་གནའ་རབས་སུ་ཨོ་རྩལ་འགྲན་ཚོགས་བྱེད་ཡུལ་གྷེ་རི་སེའི་ཨོ་ལིམ་པཱི་ཡ་ས་གནས་ཀྱི་ཧཱི་རཱ་ལྷ་ཁང་དུ། ཕྱི་ལོ་༢༠༢༢ ལོའི་རྒྱ་ནག་གི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་འབྲེལ་ནས། ཨོ་རྩལ་དཔལ་འབར་སྤར་བའི་མཛད་སྒོའི་སྐབས་སུ། བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་དང་ཇཱེ་སོན་ ནཱེ་ཐེ་(Jason Leith) ཧྥ་རན་ མེ་ཌོ་གོལ་(Fern MacDougal) བཅས་མཛད་སྒོ་འཚོགས་ཡུལ་དུ་འཛུལ་ཐུབ་ནས། བོད་ཀྱི་རྒྱལ་དར་དང་མི་རིགས་རྩ་མེད་ཀྱི་ཨོ་རྩལ་འགྲན་ཚོགས་མི་དགོས་ཞེས་པའི་འཕྲེད་དར་འཕྱར་ནས། སྐད་འབོད་དང་སྦྲགས་ནས་ངོ་རྒོལ་ལས་འགུལ་སྤེལ་སྐབས་སུ་ཉེན་རྟོག་པས་བཀག་ཉར་བྱས་པའི་གནས་ཚུལ་ལྷག་ནས། རྒྱལ་སྤྱིའི་ནང་གནས་ཚུལ་དེ་ཁྱབ་སྤེལ་ཆེན་པོ་སོང་ཡོད་པ་རེད།
ཕྱི་ལོ་༢༠༢༢ ལོའི་ཟླ་༢ པའི་ཚེས་༡༠ ཉིན་ཁེ་ན་ཌའི་ནང་བཟང་པོའི་ཤུགས་རྐྱེན་ལྡན་པའི་མི་སྣ་༥༠ ཡི་གྲངས་ཐོ་བཏོན་པའི་ནང་དུ་འཆི་མེད་ལྷ་མོ་ཚུད་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།