པུ་ཌིན་གྱི་མནའ་གྲོགས་ཨེ་ལེ་ཛན་ཌར་དྲུ་གྷན་གྱི་བུ་མོ་འབར་གས་དོན་རྐྱེན་འོག་ཚེ་སྲོག་ཤོར་འདུག

ཟླ་འདིའི་ ༢༡ ཉིན་ཨུ་རུ་སུའི་སྲིད་འཛིན་དང་བློ་ཐག་ཉེ་བའི་མནའ་གྲོགས་ཨེ་ལེ་ཛན་ཌར་དྲུ་གྷན་གྱི་བུ་མོ་རང་ལོ་ ༢༩ སོན་པ་ཌར་ཡ་དུ་གྷི་ན་(Darya Dugina) ཡི་སྣུམ་འཁོར་ལ་འབར་གས་ཀྱིས་གཏོར་རྒོལ་བྱུང་སྟེ་རྐྱེན་འདས་སུ་ཕྱིན་ཡོད་འདུག

དེ་བཞིན་རྒྱལ་སྤྱིའི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་ལྟ་གྲུབ་མཁས་དབང་དང་ “པུ་ཌིན་གྱི་ཀླད་པ”ཞེས་འབོད་པའི་ཨེ་ལེ་ཛན་ཌར་དྲུ་གྷན་(Alexander Dugin) གྱི་བུ་མོ་རང་ལོ་ ༢༩ ཡིན་པ་ཌར་ཡ་དུ་གྷི་ན་ཡི་སྣུམ་འཁོར་ལ་འབར་གས་དོན་རྐྱེན་བྱུང་སྟེ་ཚེ་སྲོག་ཤོར་ཡོད་པ་དང་། ད་ཐེངས་ཀྱི་འཇབ་རྒོལ་གྱི་དོན་རྐྱེན་དེ་ནི་དྲུ་གྷན་ལ་དམིགས་འབེན་བཟུང་ཡོད་སྐོར་བརྗོད་འདུག

དེ་ཡང་དྲུ་གྷན་དང་ཁོང་གི་བུ་མོ་མོ་སི་ཀོའི་ཉེ་འགྲམ་དུ་ཡོད་པའི་ཛ་ཧེ་རོ་བྷོ་(Zakharovo estate)ས་གནས་སུ་ཨུ་རུ་སུའི་སྲོལ་རྒྱུན་སྒྱུ་རྩལ་དུས་སྟོན་ཞིག་གི་ནང་མཉམ་ཞུགས་གནང་ཡོད་པ་མ་ཟད། ས་གནས་དེ་ནི་ཨུ་རུ་སུའི་སྙན་ངག་པ་སྐུ་ཞབས་ཨེ་ལེ་ཛན་ཌར་པུ་ཤི་ཀིང་(Alexender Pushkin) མཆོག་དེ་སྔ་སྡོད་མྱོང་བའི་ས་གཞིས་ཡིན་པ་དང་།  དུས་སྟོན་མཛད་སྒོ་འགྲུབ་པའི་རྗེས་ཁོང་གཉིས་ཕྱིར་མཉམ་དུ་ལོག་རྒྱུ་བྱས་ཡོད་ཀྱང་། དྲུ་གྷན་གྱིས་མཐའ་མའི་དུས་སུ་གནས་ཚུལ་ལ་འགྱུར་བ་ཐེབས་ནས་ཁོང་གཉིས་སྣུམ་འཁོར་ལོགས་སུ་བསྡད་ནས་འགྲོ་བའི་སྐབས། དྲུ་གྷན་གྱི་བུ་མོའི་སྣུམ་འཁོར་ལ་འབར་གས་གིས་གཏོར་རྒོལ་བཏང་ནས་ཁོ་མོའི་ཚེ་སྲོག་ཤོར་ཡོད་འདུག

གཞན་ཡང་བྷི་བྷི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཏོར་རྒོལ་ཕོག་པའི་སྣུམ་འཁོར་དེ་ནི་ཨུ་རུ་སུའི་ལྟ་གྲུབ་མཁས་དབང་དྲུ་གྷན་གྱི་ཡིན་པ་དང་། སྣུམ་འཁོར་ལ་གཏོར་རྒོལ་ཕོག་པའི་སྐབས་སུ་དྲུ་གྷན་ནི་འབར་གས་དོན་རྐྱེན་བྱུང་ཡུལ་གྱི་ས་གནས་ས་ཐོག་ཏུ་ཧོན་འཐོར་ནས་ལུད་ཡོད་པའི་བརྙན་ཞིག་སྤྱི་ཚོགས་དྲ་ལམ་ཁག་ཏུ་མཐོང་རྒྱུ་ཡོད་འདུག

ཨུ་རུ་སུས་ཐེངས་འདིའི་དོན་རྐྱེན་དེ་ནི་ཡུ་ཀེ་རེན་གྱི་དྲག་སྤྱོད་རིང་ལུགས་པས་བྱས་ཡོད་རབས་ཀྱི་སྐྱོན་བརྗོད་བྱས་ཡོད་ཀྱང་། དེ་ལ་ཡུ་ཀེ་རེན་གཞུང་འབྲེལ་ལས་བྱེད་པས་ངོས་ལེན་བྱས་མེད་པ་མ་ཟད། ཡུ་ཀེ་རེན་གྱི་སྲིད་འཛིན་གྱི་སློབ་སྟོན་པ་སྐུ་ཞབས་མ་ཀོ་ལོ་ཡིས་ཨུ་རུ་སུའི་འབར་གས་དོན་རྐྱེན་དེ་ནི་ང་ཚོ་དང་འབྲེལ་བ་གང་ཡང་མེད། ང་ཚོ་ནི་ཨུ་རུ་སུ་ནང་བཞིན་ཁྲིམས་འགལ་བྱེད་མཁན་གྱི་རྒྱལ་ཁབ་ཞིག་མིན་ཞེས་བརྗོད་ཡོད་འདུག

ཨེ་ལེ་ཛན་ཌར་དྲུ་གྷན་ནི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ངོ་རྒོལ་བྱེད་མཁན་དང་རྒྱལ་ཞེན་རིང་ལུགས་པ་ཞིག་ཡིན་འདུག དེ་བཞིན་པུ་ཌིན་གྱི་རྒྱ་སྐྱེད་རིང་ལུགས་ཀྱི་ཕྱི་འབྲེལ་སྲིད་ཇུས་དང་ལྷག་དོན་དུ་ཡུ་ཀེ་རེན་ལ་བཙན་འཛུལ་བྱ་རྒྱུའི་ཐད་རྒྱབ་སྐྱོར་བྱེད་མཁན་གྱི་མི་སྣ་གཙོ་བོ་ཞིག་ཡིན་འདུག གཞན་ཡང་ཨུ་རུ་སུས་ཁེ་མེ་ཡ་སྤྱི་འཐུན་རྒྱལ་ཁབ་དུ་དབང་སྒྱུར་གྱི་དོན་རྐྱེན་དང་འབྲེལ་བ་ཡོད་ལུགས་བརྗོད་ནས་ཁོ་པར་ཕྱི་ལོ་ ༢༠༡༥ ལོར་ཨ་རིས་ཉེས་ཆད་བཀལ་ཡོད་འདུག

གསར་འགོད་པ། ཆོས་གྲགས།