སྲིད་སྐྱོང་ནས་གཞོན་ནུ་ལྷན་ཚོགས་ཀྱིས་གཙོ་བོ་ཆབ་སྲིད་ཀྱི་གནད་དོན་ཐོག་ལས་ཀ་བྱེད་ཐུབ་པ་ཡིན་ན་དགེ་མཚན་ཆེ་བ་ཡོད་ཅེས་གསུངས།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་གཙོ་བོ་ཆབ་སྲིད་ཀྱི་གནད་དོན་ཐོག་ལས་ཀ་བྱེད་ཐུབ་པ་ཡིན་ན་དགེ་མཚན་ཆེ་བ་ཡོད་པ་དང་།  བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་བདེ་དོན་སླད་ལྟ་རྟོག་བྱེད་དགོས་པ་གཟིགས་ཀྱི་ཡོད་ན་བོད་མིའི་སྒྲིག་འཛུགས་ལ་འབྲེལ་བ་གནང་ན་འཐུས་ཀྱི་ཡོད། བོད་མིའི་སྒྲིག་འཛུགས་ནས་བོད་མིའི་བདེ་དོན་ལ་ཏན་ཏན་ལྟ་རྟོག་གནང་གི་རེད་ཅེས་དང་། ད་ལྟའི་བཀའ་ཤག་ནས་གཞུང་གིས་ལས་ཀ་བྱེད་དགོས་རིགས་བོད་མིའི་སྒྲིག་འཛུགས་ནས་འགན་བཞེས་ཏེ་གནང་གི་རེད། གཞུང་ཁོངས་མིན་པའི་ཚོགས་པ་ཁག་ནས་སོ་སོའི་ངོ་བོ་ཐོག་ནས་ཕྱག་ལས་གནང་དགོས་ཁག་གནང་དགོས། ལྟ་གྲུབ་དང་ལངས་ཕྱོགས་ཀྱི་ཐོག་ནས་མ་མཐུན་པ་ཡོད་པ་དེ་དག་ཕུགས་རྒྱང་རིང་པོའི་དམིགས་ཡུལ་རེད། ད་ལྟ་ཁ་ཚ་དགོས་གཏུག་གི་བོད་ནང་བོད་མི་ཚོ་མྱོང་བཞིན་པའི་དཀའ་ངལ་དེ་དག་སེལ་སླད་ང་ཚོ་ཚང་མ་དུས་རྟག་ཏུ་མཉམ་རུབ་ཐོག་ལས་ཀ་བྱེད་དགོས་པ་ལས་ལྟ་བ་ལངས་ཕྱོགས་མི་མཐུན་པ་ཡིན་ཞེས་བསྡད་པ་ཡིན་ན། ང་ཚོར་ནུས་པ་ཕྲན་བུ་ཡོད་པ་དེ་ཆུང་དུ་འགྲོ་རྒྱུ་ཆགས་ཀྱི་ཡོད་ཅེས་གསུངས་འདུག

ཟླ་༨ པའི་ཚེས་༢༤ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་ཀྱི་གལ་གནད་རང་བཞིན་དང་འབྲེལ་བའི་ཚོགས་འདུ་ཞིག་བསྐོངས་འཚོགས་གནང་ཡོད་པ་རེད། བགྲོ་གླེང་ཐོག་ཏུ་དགེ་བཤེས་ཐུབ་བསྟན་སྦྱིན་པ་དང་དགེ་བཤེས་ཐུབ་བསྟན་ཡར་འཕེལ། སློབ་དཔོན་བྱམས་པ་བསམ་གཏན་དང་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན། བཀའ་ཟུར་བློ་བཟང་སྙན་གྲགས་དང་སློབ་དཔོན་བློ་བཟང་བསྟན་འཛིན་ནེ་གི་བཅས་ནས། ཚོགས་ཐོག་ཏུ་༧གོང་ས་མཆོག་གི་སྒྲིག་འཛུགས་ཀྱི་བྱུང་རིམ་དང་བོད་བརྒྱུད་ནང་བསྟན་ལ་ཤུགས་རྐྱེན་ཅི་བྱུང་། ས་བབ་སྲིད་བྱུས་ཐོག་གལ་གནད་དང་བོད་མིའི་རང་དབང་འཐབ་རྩོད་ཐད་གལ་གནད། ༧གོང་ས་མཆོག་གི་སྒྲིག་འཛུགས་ཀྱི་འབྱུང་འགྱུར་གནད་དོན་སོགས་ཀྱི་ཐོག་གསུང་བཤད་གནང་གི་ཡོད་པ་རེད་འདུག 

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ཀྱིས་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱིས་ད་བར་བོད་བསྟན་སྲིད་སྤྱིའི་བདེ་དོན་སླད་དུ་བསྐྱངས་པའི་མཛད་འཕྲིན་ཁག་གཅིག་ངོ་སྤྲོད་ཞུས་པ་དང་སྦྲགས་ཏེ། ཚོགས་འདུ་འདི་ནི་མང་ཚོགས་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུས་པའི་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་ཆོས་སྲིད་གཉིས་ཀྱི་མཛད་འཕྲིན་རྣམས་ཤེས་རྟོགས་ཐུབ་ཐབས་དང་། ལྷག་དོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དོན་ཚན་དང་པོ་དང་། ད་བར་ཚོགས་པའི་ཚོགས་ཆེན་རིམ་པའི་གྲོས་ཆོད་ཁག་གི་དགོངས་དོན་ལྟར་དྲིན་གསབ་ཏུ་མེད་པའི་བླ་ན་མེད་པའི་དབུ་ཁྲིད་རྣམ་པའི་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་སོགས་ལ་དམིགས་ཏེ་གོ་སྒྲིག་ཞུས་པ་ཞིག་ཡིན་སྐོར་གསུངས་སོང་། 

སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གསུང་བཤད་གནང་དོན། ངས་དུས་རྒྱུན་དུ་བོད་ཀྱི་ལོ་རྒྱུས་ལ་བོད་མི་རང་ཉིད་ཀྱིས་ངེས་པར་དུ་ལྟ་དགོས་ཀྱི་འདུག་ཅེས་རྗོད་བཞིན་ཡོད། ད་ལྟའི་མི་རབས་ཀྱིས་བོད་ཀྱི་ལོ་རྒྱུས་དང་ཡིག་ཆ་ཚང་མ་དེང་རབས་ཀྱི་འཕྲུལ་རིག་བེད་སྤྱོད་བཏང་ནས་ལྟ་ཀློག་བྱེད་དགོས་པ་མ་ཟད། མ་འོངས་པའི་མི་རབས་གསར་པ་ཚོ་བོད་ཀྱི་ལོ་རྒྱུས་སོགས་འཛིན་སྐྱོང་སྤེལ་གསུམ་སླད་དོ་སྣང་ཡོད་པར་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཇི་ཙམ་བཀའ་དྲིན་ཆེན་པོ་ཡིན་པ་སྤྱི་ཚོགས་ནང་བཀའ་མོལ་དང་ཚོགས་འདུ་རབ་དང་རིམ་པ་འཚོགས་ཡོད་པ་མ་ཟད། བཀའ་ཤག་གོང་མའི་ངོས་ནས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུས་ཡོད། ཉིན་གཅིག་དང་གཉིས་ཀྱི་སྐད་ཆ་ཙམ་མིན་པར་དུས་རྒྱུན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་བསམ་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་སྨོས་མེད་རེད། གང་ལྟར་རང་རེའི་སྤྱི་ཚོགས་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་བསམ་ཤེས་མེད་མཁན་ཕལ་ཆེར་མེད་པ་ལྟ་བུ་རེད་བསམ་གྱི་ཡོད། འོན་ཀྱང་ཕྱིའི་གནོན་ཤུགས་དང་དངོས་ཤུགས་བརྒྱུད་གསུམ་གྱི་ཁེ་ཕན་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་མཁན་རེ་བཟུང་ཡོང་བཞིན་འདུག་པ་དེ་དག་ནི་ལས་རྒྱུ་འབྲས་ཀྱི་ཐོག་ནས་འགྲོ་གི་མ་རེད། དེར་བརྟེན་མ་འོངས་པར་བོད་པའི་སྤྱི་ཚོགས་ནང་དེ་རིགས་མི་དགོས་པ་བྱུང་ན་ཡག་ཤོས་རེད་བསམ་གྱི་ཡོད། ད་བར་ཁ་ནས་གང་བྱུང་བཤད་དེ་སྐྱེ་བ་ཕྱི་མར་བསམ་བློ་གཏོང་མི་དགོས་མཁན་དེ་དག་གིས་སྤྱི་ཚོགས་ནང་མི་མང་ལ་ཕོག་ཐུག་འགྲོ་རྒྱུའི་རིགས་བྱེད་མི་དགོས་ན་ཡག་པོ་ཡོད་པ་རེད་ཅེས་ཁ་སྔོན་བཀའ་ཤག་ནས་ཤོག་གྲངས་གཉིས་ཅན་གྱི་ཡིག་ཆ་ཞིག་བཏོན་ཡོད། དེ་རིང་ཡིན་ནའང་འབོད་སྐུལ་དེ་ག་རང་ཞུ་རྒྱུ་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྒྲིག་འཛུགས་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་པོ་མཆོག་གི་ངོ་བོ་དང་ཐད་ཀར་འབྲེལ་བ་ཆགས་ཡོད་པ་ལས་འབྲེལ་བ་མེད་པའི་སྒྲིག་འཛུགས་ཤིག་ཡོང་ཐབས་མེད། སྒྲིག་འཛུགས་འདི་གལ་གནད་ཆེ་ཆུང་བོད་པའི་སྤྱི་ཚོགས་ཙམ་མིན་པར་རྒྱལ་སྤྱི་ཁྱོན་ཡོངས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཡིད་ཆེས་དང་དད་པ། གུས་བརྩི་མ་ཞུ་མཁན་མེད་པ་ལྟ་བུ་རེད། རྒྱ་ནག་གི་འགོ་ཁྲིད་ཚོ་ཡིན་ནའང་ཁ་ནས་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་ཁ་བྲལ་བ་སོགས་གང་ཞུ་བཞིན་ཡོད་ནའང་སེམས་ནང་གུས་བརྩི་ཆེན་པོ་ཞིག་ཡོད་ཀྱི་རེད་དྲན་གྱི་འདུག དེ་རིང་འདིར་འདི་ལྟ་བུའི་ཚོགས་འདུ་གོ་སྒྲིག་ཞུས་པ་རེད། མ་འོངས་པར་རིམ་པས་རྒྱལ་སྤྱིའི་ཁྱོན་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འགན་འཁུར་དགོས་ཀྱི་ཡོད། དེ་བཞིན་གཞུང་ཁོངས་མིན་པའི་སྒྲིག་འཛུགས་ངོས་ནས་ཀྱང་འདིའི་གལ་གནད་སྐོར་ང་ཚོའི་བསམ་ཚུལ་བསྡུས་པ་ཙམ་མིན་པར་རྒྱལ་སྤྱིའི་ནང་རྒྱལ་ཁབ་གཞན་གྱིས་བསམ་ཚུལ་གང་ཡོད་མེད་བསྡུས་པ་ཙམ་དུ་མ་ཟད། རྒྱལ་ཁབ་སོ་སོའི་ནང་འཐབ་རྩོད་ཀྱི་ངོ་བོ་ལྟ་བུ་སླེབ་ཐུབ་པ་ཡིན་ན་ཕན་ཐོགས་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་དེ་སྔ་ནས་འབད་བརྩོན་གནང་ཡོད་པ་རེད། ད་ལྟའི་དུས་སུ་ཨ་རིར་མཚོན་ན་ཕྱི་ལོ་ ༢༠༠༢ ལོར་གཏན་འབེབས་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་དེ་བསྐྱར་བཅོས་ཕྱིན་ཏེ་ཕྱི་ལོ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ (Tibetan Policy and Support Act of 2020) ཞེས་ཁྲིམས་འཆར་གྱི་ངོ་བོ་ཐོག་ནས་བཞག་ཡོད་པ་དེ་དག་དང་། ཉེ་ཆར་ཕྱི་ཟླ་ ༦ ནང་ཨ་རིའི་གྲོས་ཚོགས་ནང་བོད་ཀྱི་ལོ་རྒྱུས་གནས་བབ་ཐོག་མཁས་པའི་ཉན་ཞིབ་ཐེངས་དང་པོ་གོ་སྒྲིག་ཞུས་ཐུབ་པ་བྱུང་ཡོད། དེ་དག་ནི་ལོ་རྒྱུས་ནང་ལྷག་རྒྱུ་ཞིག་རེད། རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་ཐོག་འཁྱོག་བཤད་བྱེད་ཀྱི་ཡོད་པ་དེ་དག་གི་ཐོག་ནས་ཨ་རིའི་གྲོས་ཚོགས་ནང་ཁྲིམས་འཆར་གྱི་ངོ་བོ་ཐོག་ནས་ཡིག་ཆ་ཞིག་སླེབ་ཡོད། དེར་བརྟེན་བོད་མིའི་སྒྲིག་འཛུགས་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་ནས་དེ་དག་གི་ཐོག་འབད་བརྩོན་གཅིག་མཚུངས་གནང་དགོས་ཀྱི་ཡོད། ཚང་མས་སོ་སོའི་ཚོགས་མི་ས་གནས་གང་དུ་ཡོད་ནའང་ཤུགས་བརྒྱབ་དགོས།

ད་ལྟའི་བཀའ་ཤག་ནས་གཞུང་གིས་ལས་ཀ་བྱེད་དགོས་རིགས་བོད་མིའི་སྒྲིག་འཛུགས་ནས་འགན་བཞེས་ཏེ་གནང་གི་རེད། གཞུང་ཁོངས་མིན་པའི་ཚོགས་པ་ཁག་ནས་སོ་སོའི་ངོ་བོ་ཐོག་ནས་ཕྱག་ལས་གནང་དགོས་ཁག་གནང་དགོས། ལྟ་གྲུབ་དང་ལངས་ཕྱོགས་ཀྱི་ཐོག་ནས་མ་མཐུན་པ་ཡོད་པ་དེ་དག་ཕུགས་རྒྱང་རིང་པོའི་དམིགས་ཡུལ་རེད། ད་ལྟ་ཁ་ཚ་དགོས་གཏུག་གི་བོད་ནང་བོད་མི་ཚོ་མྱོང་བཞིན་པའི་དཀའ་ངལ་དེ་དག་སེལ་སླད་ང་ཚོ་ཚང་མ་དུས་རྟག་ཏུ་མཉམ་རུབ་ཐོག་ལས་ཀ་བྱེད་དགོས་པ་ལས་ལྟ་བ་ལངས་ཕྱོགས་མི་མཐུན་པ་ཡིན་ཞེས་བསྡད་པ་ཡིན་ན། ང་ཚོར་ནུས་པ་ཕྲན་བུ་ཡོད་པ་དེ་ཆུང་དུ་འགྲོ་རྒྱུ་ཆགས་ཀྱི་ཡོད། སྤྱིར་རྒྱལ་སྤྱིའི་ནང་ང་ཚོའི་ཆབ་སྲིད་འགྲེལ་བཤད་བརྒྱབ་རྒྱུ་དེ་འདི་ལྟར་རྒྱག་བཞིན་ཡོད། དབུ་མའི་ལམ་ནི་བོད་མིའི་སྒྲིག་འཛུགས་ནས་གཏན་ལ་ཕབ་པའི་སྲིད་བྱུས་རེད། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་ནང་ནས་མཛད་པ་གལ་ཆེ་བ་ཞིག་ཆགས་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་མང་རིང་དགོངས་པ་བཞེས་པ་དང་། ལྷག་པར་བོད་ནང་གི་དངོས་ཡོད་གནས་སྟངས་དང་ལས་དོན་གང་ཞིག་ཡིན་ནའང་བསྒྲུབ་ཐུབ་དང་མི་ཐུབ་ཀྱི་གནས་སྟངས་ལ་གཟིགས་ཏེ་ཛ་དྲག་གནས་སྟངས་འོག་ནས་བོད་མི་རིགས་དེ་དག་སྐྱོབ་ཐབས་བཙལ་གནང་བ་དེ་འགྲེལ་བཤད་དང་ཡང་བཤད་མི་དགོས་པར་ང་ཚོ་ཚང་མས་མཁྱེན་གྱི་ཡོད་པ་རེད།

སྤྱི་ཚོགས་ག་འདྲ་ཞིག་ཡིན་ནའང་བསམ་བློ་མི་མཐུན་པ་དང་བསམ་བློ་མ་འདྲ་བ་ཡོང་རྒྱུ་ཡིན་པ་ཆོས་ཉིད་རེད། དེར་ཧང་སང་དགོས་དོན་གང་ཡང་མེད། དེར་བརྟེན་བསམ་བློ་མི་འདྲ་བ་ཡོད་རུང་མཐར་བསམ་བློ་དང་ལས་དོན་ག་འདྲ་ཞིག་བྱེད་པ་ཡིན་ནའང་ང་ཚོའི་རྩ་དོན་ལ་ཕན་པ་ཞིག་ག་འདྲ་ཡོང་ས་རེད་ཅེས་བསམ་བློ་བཏང་བ་དང་། ཕན་ཚུན་གཅིག་གིས་གཅིག་ལ་གནོད་མི་བྱེད་པ་དང་ཕན་ཐོགས་ཡོང་བའི་བསམ་བློ་བཏང་ཐུབ་ན་རང་གཞན་ཚང་མའི་ནུས་པ་མཉམ་དུ་སྤུངས་ཐུབ་པའི་རེ་བ་ཡོད་པ་རེད། གལ་ཆེ་ཤོས་ནི་རང་རེའི་སྤྱི་ཚོགས་འདི་ཧྲ་ཏག་ཏག་གནས་ཐུབ་དགོས། གལ་ཏེ་བོད་པའི་སྤྱི་ཚོགས་འདི་ཧྲ་ཏག་ཏག་གནས་ཐུབ་པ་ཡིན་ན་རྒྱ་ནག་ངོས་ནས་དཀྲུག་ཏུ་ཡོང་བ་ཡིན་ནའང་དཀྲུག་མི་ཐུབ་པའི་གནས་སྟངས་ཤིག་ཆགས་པ་ཡིན་ན། འཐབ་རྩོད་ནང་ནུས་པ་མཉམ་སྤུངས་དང་གོམ་པ་མདུན་སྤོ་བྱེད་ཐུབ་པའི་རེ་བ་ཞུ་བཞིན་ཡོད། དེ་ལྟར་གནང་ཐུབ་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྒྲིག་འཛུགས་དང་དགོངས་པ་གལ་ཆེན་པོ་རྩི་བཞིན་ཡོད་པ་ནང་ལྟར་ལས་དོན་ཡང་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་གྱི་ངོ་བོར་འགྱུར་བའི་རེ་བ་ཡོད། ཅེས་དང་།

གཞན་ཡང་་སྲིད་སྐྱོང་མཆོག་ནས་ཁྲིམས་ཤེས་དགོས་པའི་གལ་གནད་སྐོར་གསུང་དོན། ང་ཚོ་མང་གཙོའི་ལམ་སྲོལ་འོག་འགྲོ་ཡི་ཡོད་སྟབས་ཁྲིམས་དང་སྒྲིག་གཞི་ཤེས་དགོས་པ་གལ་ཆེན་པོ་ཆགས་ཡོད། ཁྲིམས་དང་སྒྲིག་གཞི་མ་ཤེས་པ་ཡིན་ན་སུ་ཡིས་ཁྲིམས་ལ་བརྩི་སྲུང་ཞུ་ཡི་ཡོད་མེད་ཤེས་ཀྱི་མ་རེད། བོད་མིའི་སྒྲིག་འཛུགས་ཡིན་ན་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཡིན་ན་རེད། གང་ལྟར་གང་ཟག་ལས་སྒྲིག་འཛུགས་གལ་ཆེན་པོ་ཆགས་ཡོད། སྒྲིག་འཛུགས་ལས་གང་ཟག་གལ་ཆེན་པོ་ཆགས་པའི་ཉིན་མོ་བཟུང་ནས་སྒྲིག་འཛུགས་སྦོ་ལུག་འགོ་འཛུགས་ཚར་བ་རེད། དེར་བརྟེན་ཁྲིམས་དང་སྒྲིག་གཞི་ཤེས་རྒྱུ་གལ་ཆེན་པོ་ཆགས་ཡོད། ང་ཚོ་ངོས་ནས་ཆབ་སྲིད་ཀྱི་གནད་དོན་དང་སྤྱི་ཚོགས་ཀྱི་བདེ་དོན་ཆེད་དུ་ལས་དོན་བྱེད་པའི་སྐབས་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གཞིར་བཞག་ཐོག་བྱེད་ཀྱི་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་གནང་བ་དེ་དག་ལ་ང་ཚོ་ངོས་ནས་སློབ་སྦྱོང་བྱས་ཏེ་ལག་བསྟར་ཞུ་དགོས་པ་གལ་ཆེན་པོ་རེད། ང་ཚོ་ནང་ཁུལ་ལ་རྡོག་རྩ་གཅིག་སྒྲིལ་དང་འཆམ་མཐུན་བྱེད་དགོས། ཞེས་གསུངས། 

དེ་བཞིན་ཁོང་གིས་གསུང་དོན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་གཙོ་བོ་ཆབ་སྲིད་ཀྱི་གནད་དོན་ཐོག་ལས་ཀ་བྱེད་ཐུབ་པ་ཡིན་ན་དགེ་མཚན་ཆེ་བ་ཡོད་པ་དང་།  བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་བདེ་དོན་སླད་ལྟ་རྟོག་བྱེད་དགོས་པ་གཟིགས་ཀྱི་ཡོད་ན་བོད་མིའི་སྒྲིག་འཛུགས་ལ་འབྲེལ་བ་གནང་ན་འཐུས་ཀྱི་ཡོད། བོད་མིའི་སྒྲིག་འཛུགས་ནས་བོད་མིའི་བདེ་དོན་ལ་ཏན་ཏན་ལྟ་རྟོག་གནང་གི་རེད། རྣམ་པ་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་ལས་དོན་ག་རེ་བརྩམས་པ་ཡིན་ན་ཚང་མར་ཆབ་སྲིད་ཀྱི་ངོ་བོ་ཐོག་ནས་བལྟས་པ་ཡིན་ན་ལས་དོན་གང་ཡང་འགྲུབ་ཀྱི་མ་རེད་ཅེས་གསུངས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།