སྲིད་སྐྱོང་གིས་རྡ་ས་ས་གནས་ཀྱི་ཕུན་ཚོགས་ཁང་གསར་དབུ་འབྱེད་གནང་འདུག
སྲིད་སྐྱོང་གིས་བཀའ་ཤག་སྐབས་སྔོན་མས་སྲིད་བྱུས་ཟིན་ཏེ་ས་གནས་འགོ་འཛིན་ལས་ཁུངས་ནས་སོ་སོའི་འགྲོ་སོང་གཏོང་རྒྱུའི་ཆེད་དུ་ཁང་པ་དང་མགྲོན་ཁང་བརྒྱབ་རྒྱུའི་མཐུན་རྐྱེན་གནང་ཡོད། སྲིད་བྱུས་དེའི་ཆ་ཤས་སུ་ད་ལྟའི་ཁང་པ་འདི་བརྒྱབ་ཐུབ་ཡོད། བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་སྲིད་བྱུས་དེ་རྒྱུན་འཛིན་བྱེད་ཀྱི་ཡོད། གཞིས་ཆགས་གཞན་པ་ཡིན་ནའང་ཚོང་ལས་གཉེར་སའི་ཁང་པ་བརྒྱབ་པ་ཡིན་ན་ནང་སྲིད་ལས་ཁུངས་ནས་མཐུན་འགྱུར་གནང་རྒྱུ་ཡིན། བཀའ་ཤག་སྐབས་སྔོན་མའི་སྲིད་བྱུས་དེར་བསྔགས་བརྗོད་ཞུ་ཡི་ཡོད་ཅེས་གསུངས་འདུག
ཟླ་ ༨ ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་སྤྱོད་སྒོ་མང་བའི་ཁང་རྩེག་ཕུན་ཚོགས་ཁང་གསར་དབུ་འབྱེད་གནང་འདུག
དབུ་འབྱེད་ཀྱི་མཛད་སྒོར་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཁང་པ་གསར་རྒྱག་སླད་དཔལ་འབྱོར་གྱི་མཐུན་འགྱུར་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་གནང་སྟེ་གསུང་བཤད་གནང་དོན། ཕུན་ཚོགས་ཁང་གསར་ཆེད་དུ་ཧིན་སྒོར་འབུམ་སུམ་བརྒྱའི་འགྲོ་སོང་བཏང་ནས་ལེགས་གྲུབ་བྱུང་ཡོད། གོང་དུ་རྡ་ས་ས་གནས་འགོ་འཛིན་གྱིས་གསུངས་པ་ལྟར་རེད། བཀའ་ཤག་སྐབས་སྔོན་མས་ཕུན་ཚོགས་ཁང་གསར་འཛུགས་སྐྲུན་གྱི་ལས་གཞི་ཆེད་བཀའ་འཁྲོལ་གནང་བ་དང་། ནང་སྲིད་ལས་ཁུངས་ཀྱི་སྟངས་འཛིན་འོག་ས་གནས་འགོ་འཛིན་ཟུར་པ་ཀུན་དགའ་ལགས་དང་། ད་ལྟའི་ས་གནས་འགོན་འཛིན་གསར་པ་སོགས་ཀྱིས་བཀོད་བྱུས་གནང་སྟེ་ཕུན་ཚོགས་ཁང་གསར་ལེགས་གྲུབ་བྱུང་ཡོད་པ་ཞིག་ཆགས་ཡོད།
ཕུན་ཚོགས་ཁང་གསར་འཛུགས་སྐྲུན་གྱི་ལས་གཞི་ཆེད་དུ་འབྲེལ་ཡོད་ཕྱག་ལས་གནང་མཁན་དང་ཞལ་འདེབས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་འོངས་པར་མང་ཚོགས་ཀྱི་ཆེད་དུ་ལས་གཞི་ཞིག་བརྩམས་པ་ཡིན་ན། མང་ཚོགས་ངོས་ནས་མཉམ་ཞུགས་གནང་དགོས་པ་གལ་ཆེན་པོ་ཡིན་པ་དང་། བཀའ་ཤག་སྐབས་སྔོན་མས་སྲིད་བྱུས་ཟིན་ཏེ་ས་གནས་འགོ་འཛིན་ལས་ཁུངས་ནས་སོ་སོའི་འགྲོ་སོང་གཏོང་རྒྱུའི་ཆེད་དུ་ཁང་པ་དང་མགྲོན་ཁང་བརྒྱབ་རྒྱུའི་མཐུན་རྐྱེན་གནང་ཡོད། སྲིད་བྱུས་དེའི་ཆ་ཤས་སུ་ད་ལྟའི་ཁང་པ་འདི་བརྒྱབ་ཐུབ་ཡོད། བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་སྲིད་བྱུས་དེ་རྒྱུན་འཛིན་བྱེད་ཀྱི་ཡོད། གཞིས་ཆགས་གཞན་པ་ཡིན་ནའང་ཚོང་ལས་གཉེར་སའི་ཁང་པ་བརྒྱབ་པ་ཡིན་ན་ནང་སྲིད་ལས་ཁུངས་ནས་མཐུན་འགྱུར་གནང་རྒྱུ་ཡིན། བཀའ་ཤག་སྐབས་སྔོན་མའི་སྲིད་བྱུས་དེར་བསྔགས་བརྗོད་ཞུ་ཡི་ཡོད་ཅེས་གསུངས།
དེ་བཞིན་སྲིད་སྐྱོང་གིས་མི་མང་གིས་མི་འབོར་གྲངས་བཤེར་གྱི་འགེངས་ཤོག་དགང་དགོས་པའི་གལ་གནད་དང་། ས་གནས་འགོ་འཛིན་རྣམ་པས་རོགས་ཚོགས་ནས་རོགས་དངུལ་གང་གནང་བ་དེ་དག་ཚད་ལྡན་བེད་སྤྱོད་གཏོང་དགོས་པ། ལས་བྱེད་རྣམ་པ་ཚོ་སྤྱི་ཚོགས་ལ་ཞབས་འདེགས་ཞུ་མཁན་རེད། རྙོག་གྲ་ཞིག་སླེབས་པའི་སྐབས་ཁྲིམས་དང་སྒྲིག་གཞི་གཞིར་མཐུན་མིན་བལྟ་དགོས་པ། ལས་བྱེད་རྣམ་པས་མི་མང་ཉམ་ཐག་རྣམས་བདེ་སྡུག་ཞུ་བར་ཡོང་བའི་སྐབས་རོགས་རམ་གནང་དགོས་པ་སོགས་ཀྱི་སྐོར་གསུངས་ནས། རྡ་ས་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས། ཕྱི་རྒྱལ་གྱི་སྐུ་མགྲོན་མང་པོ་ཕེབས་ས་ཡིན་སྟབས། བཞུགས་སྒར་རྡ་སའི་ཁོར་ཡུག་གཙང་མ་ཉར་དགོས་པའི་གལ་གནད་དང་། བོད་མི་རྣམས་ཀྱིས་ས་གནས་ཡུལ་མི་དང་འཆམ་མཐུན་གནང་དགོས་པ། རྒྱ་གར་གཞུང་མེད་ན་ང་ཚོ་གནས་ཐུབ་ཐབས་མེད་སྟབས། དུས་རྟག་ཏུ་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་སྙིང་ལ་བཅངས་པའི་ཐོག་ཡུལ་མི་དང་འཆམ་མཐུན་གནང་དགོས་སྐོར་གསུངས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།