འབར་རྫས་གཡུག་པའི་ཉེས་མིང་འོག་འཛིན་བཟུང་།
སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་འཁོད་དོན། ཕྱི་ལོ་༢༠༠༨ ལོར་མདོ་ཁམས་འབའ་ཐང་རྫོངས་སྒང་རི་ལུང་པའི་རི་འགོར་བོད་རང་བཙན་གྱི་སྦྱར་ཡིག་འཕྲེད་དར་བོད་རྒྱ་ཡིག་རིགས་གཉིས་ཐོག་བཙུགས་མཁན་དང༌།འབའ་ཐང་སྤོ་གུར་གཤིས་ཤང་ཉེན་རྟོག་ལས་ཁུངས་ལ་འབར་གས་གཡུག་པའི་ཉེས་མིང་འོག ད་བར་སྒང་རི་ལུང་པའི་རི་འགོ་དང་ཤིང་ནགས་ཁྲོད་དུ་གབ་ཡིབ་བྱེད་བཞིན་པའི་ན་གཞོན་སྒྲོལ་དཀར་ལགས། ༢༠༡༡ ལོའི་ཕྱི་ཟླ་༣ པའི་ཚེས་༢༢ ཉིན་ལི་ཐང་རྨ་བྱ་ཐང་ནས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ད་ཆ་འབའ་ཐང་རྫོང་ལ་རྩིས་སྤྲོས་བྱས་ཡོད་འདུག
སྒྲོ་དཀར་ལགས་ནི་ཕ་ཨ་སྒོ་ཚེ་རིང་དང༌།མ་ཨ་སྐལ་གཉིས་ཀྱི་བུ་ཡིན་ཞིང༌།ད་ལོ་རང་ལོ་༢༦ཡིན་འདུག ཆུང་དུས་ཕ་མ་གཉིས་བཟའ་ཚང་ཁ་གྱེས་པའི་རྐྱེན་གྱིས། ཨ་མས་རྒྱ་ནག་ཏུ་ཁྲིད་དེ་རྒྱ་ཡིག་སློབ་སྦྱོང་བྱེད་མྱོང་ཡོད་པ་དང༌། ༢༠༠༨ ལོར་སྒང་རི་ལུང་པར་བོད་རང་བཙན་གྱི་སྦྱར་ཡིག་བོད་རྒྱ་གཉིས་ཐོག་བསྒྲེངས་པའི་དོན་རྐྱེན་དང༌། ཕྱིས་སུ་འབའ་ཐང་སྤོ་གུར་གཤིས་ཤང་ཉེན་རྟོག་པའི་ལས་ཁུངས་སུ་འབར་གས་གཡུག་ལུགས་ལ་ཁ་གཡར་སྟེ། རྒྱ་གཞུང་ནས་འཛིན་བཟུང་བཀའ་རྒྱ་ཕྱོགས་ཡོངས་སུ་བཀྲམས་པ་དང༌། ད་བར་ཉེན་རྟོག་པས་ཁོང་གི་ཁྱིམ་རྒྱུད་དང་གཉེན་ཉེ་ཚང་མའི་ཁྱིམ་དུ་རྟག་པར་སྔོག་བཤེར་བྱས་པ་མ་ཟད། ཁོང་གི་ནག་ཉེས་ནི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང་གཅིག་པ་ཡིན་ལུགས་དང༌། སུས་རྒྱབ་རྩའམ་སྦས་བསྐུངས་བྱས་པ་ཡིན་ན་ནག་ཉེས་གཅིག་པ་ཡིན་ལུགས་བཅས་སྡིགས་ར་བསྐུལ་ཏེ། ད་ཆ་ཁོང་འཛིན་བཟུང་བྱས་ཚར་བའི་རྗེས་སུ་ནང་མི་སྤུན་མཆེད་སུས་ཀྱང་གནས་ཚུལ་འདྲི་རྩད་མི་ཕོད་པའི་ཛ་དྲག་གི་གནས་སུ་ལྷུང་ཡོད་སྟབས། བོད་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཛ་དྲག་འབོད་བསྐུལ་གྱིས་མྱུར་སྐྱོབ་ཡོང་བའི་རེ་བ་བོད་ནས་ཤུགས་ཆེན་བྱེད་ཀྱི་ཡོད་ན་དེ་དོན་ཡོང་བའི་རེ་བ་དང་བཅས་ཞེས་འཁོད་འདུག །