ངུ་ངག་ཁྲོད་ཀྱི་རྒྱང་འབོད།
སུམ་རྩེན་འཆི་མེད་གྲོང་ལ་འགྲན་ནུས་ཀྱི།།
སྣོད་བཅུད་རྣམ་པར་བཀྲ་བའི་སྐྱེ་རྒུའི་གྲོང་།།
གནམ་ས་འཐབ་འཁྲུག་ཐེབས་པའི་གཤམ་འོག་ན།།
རི་ལུང་འུར་གྱིས་ཁེངས་དུས་རེ་ས་གཅིག །
གཉེན་སྤུན་གྱེས་བྲལ་གདུང་བས་སེམས་ཁམས་མནར།།
གྲང་ངར་གངས་ཆར་ཁྲོད་དུ་ལུས་པོར་མནར།།
ལྟོ་གོས་ཐལ་རྡུལ་འདྲེས་པས་བཀྲེས་སྐོམ་མནར།།
སྡུག་གསུམ་ལས་ཀྱིས་མནར་དུས་སྐྱབས་འཇུག་གཅིག །
ལེབ་ལེབ་ཐང་ཆེན་ཤི་བོའི་རོ་ཡིས་ཁེངས།།
གཤོང་གཤོང་ལུང་པར་ཁྲག་གི་རྒྱ་མཚོ་འཁྱིལ།།
གསར་སྐྱེས་གཞོན་ནུ་ཕ་མེད་དྭ་ཕྲུག་ལུས།།
ངུ་འབོད་འཇིགས་རུང་ཁྲོད་ན་རེ་ལྟོས་གཅིག །
མེས་པོའི་མཁར་ཤུལ་རླུང་ནག་འཚུབ་མས་སྤོར།།
ཕ་མེས་ཞབས་རྗེས་ཐལ་རྡུལ་ཁ་བས་གསུབ།།
མེས་པོའི་རྒྱུ་ནོར་ས་འོག་གཏེར་དུ་བརྫངས།།
ཡོད་ཚད་སྟོང་སང་སང་གི་སྣང་བ་སྟེར།།
ཐུན་མིན་གཤིས་ལུགས་བཀྲ་བའི་གདོད་མའི་གྲོང་།།
འཇིགས་རུང་དུར་ཁྲོད་ཆེན་པོའི་ངང་ཚུལ་གྱི།།
ཁང་ཧྲུལ་བེམ་རོ་བརྩེགས་པའི་སྲུབ་ཀ་ནས།།
ངུ་འབོད་མན་ངག་སྟོང་གིས་ལྷིང་འཇགས་དཀྲོགས།།
འགོག་མེད་རི་ལུང་སྤོར་བའི་གོད་ཆག་འོག །
ཕངས་མེད་ཚེ་སྲོག་མང་པོ་ཤོར་ན་ཡང་།།
ཆོལ་གསུམ་གཅིག་ཏུ་སྒྲིག་པའི་ལག་གདང་འདིར། །
འགྱུར་མེད་དམ་དུ་འཁྱུད་པའི་མདུད་བརྒྱ་ཐེབས།།
༢༠༡༡ ། ༤ ། ༡༤ ཉིན་སློབ་གྲྭར་བྲིས།