མཉམ་དུ་སྒྲོན་རོགས།
ཟད་མཐའ་མེད་པའི་ས་མཐའ་ནས།
མེ་རི་ལྟར་འབར་བཞིན་པའི་ཤ་ཞེན།
མཚོ་མོ་བཞིན་འཕྱུར་འོང་བའི་སྐྱོ་གདུང།
ཕ་ཁྱིམ་མ་གཞིས་བོར་བའི།
ཚེ་སྲོག་ཅི་ཙམ་གྱི་ལས་དབང་རེད་ཨང།
དམིགས་བསལ་གྱི་དུས་ཚིགས་དེར།
ཁྱེད་ཀྱིས་རང་ལུས་བསྲེགས་ཏེ།
དངས་གཙང་གི་སེམས་ཁམས་དང།
ལང་ཚོའི་ལེགས་སྐྱེས་སྟེགས་སོང།
གནམ་འོག་གི་མྱ་ངན་ཐང་ནས།
ང་རང་ཤིན་ཏུ་ངུ་འདོད།
ད་དུང་ངར་སྐད་ཀྱང་བསྒྲག་བསམ།
གདུག་རྩུབ་ཀྱི་གནས་ས།
འཇིགས་སུ་རུང་བའི་བྱ་ངན།
འདི་དག་ནི།
ཁྲམ་པ་ཚོ་འདུར་ས་དང།
འདོད་ཧམ་གྱི་གཡུལ་སའང་རེད།
མུན་ནག་གི་ཟུར་ཙམ་གསལ་ཕྱིར།
ཁྱེད་ཀྱིས་སོ་སོ་མེ་ཕུང་ལ་སྤྲུལ་སོང།
རེད་ཡ།
སྤྲང་འཁྱམ་ལྟར་གསོན་པ་ལས།
གངས་སེང་བཞིན་ཤི་ན་འདོད།
གསོན་དགོས་པའི་སྙིང་པོ་བརླག་དུས།
ཚེ་སྲོག་ལ་རིན་ཐང་བྲལ།
ཁྱེད་ཀྱིས་རང་ལུས་བསྲེགས་དུས།
ངའང་མཉམ་དུ་སྒྲོན་རོགས།
བྲན་གཤིས་ཀྱིས་གསོན་པ་ལས།
དཔའ་ངར་ངང་ཤི་ན་དགའ་བ་ནི།
ཁྱེད་ཀྱི་དམ་བཅའ་ཡིན་ནམ།
ཕེབས་ཤོག་ཡ།
ངེད་མིང་སྲིང་གཉིས།
རི་མཐོ་ས་གཙང་སའི།
རྒྱང་རིང་ཞིག་ལ་འགྲོ
ཉམ་དམའ་བའི་ཚེ་སྲོག་འདི།
ད་དུང་ཡང་རྒྱུན་མཐུད་མི་དགོས་པའི།
སེམས་ཀྱི་དགའ་ཚལ་ཞིག་ཏུ་འགྲོ
སྐྱུག་བྲོ་བའི་འཇིག་རྟེན་འདིར།
ཕྱི་བལྟས་མི་དགོས་པའི།
བདེ་དགེ་ཕུན་སུམ་ཚོགས་སའི།
མཛེས་ལྗོངས་གཞན་ཞིག་ལ་འགྲོ་ཡ།
རང་ལུས་བསྲེགས་ནས་བདེན་དོན་བསྒྲགས་པའི་སྤུན་ཟླ་ཕུན་ཚོགས་ལ་ཕུལ།
ཕྱི་ལོ་༢༠༡༡ལོའི་ཟླ་༤ཚེས་༡༥ཉིན་རང་ཤག་ཏུ་བྲིས།
