རྒྱ་གར་གྱིས་ཨུ་རུ་སུའི་རྩ་ནས་ཨ་སྒོར་ཐེ་འབུམ་$༡༣ ཡི་མཚོན་ཆ་ཉོས་འདུག

ཟླ་འདིའི་ཚེས་༡༤ ཉིན་(THE WIRE) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་ལོ་ལྔའི་རིང་ཨུ་རུ་སུས་རྒྱ་གར་ལ་ཨ་སྒོར་ཐེ་འབུམ་$༡༣ གྱི་མཚོན་ཆ་བཙོངས་ཡོད་པ་དང་། རྒྱ་གར་གྱིས་མུ་མཐུད་ནས་ཨ་སྒོར་ཐེ་འབུམ་$༡༠ ཡི་མཚོན་ཆ་དང་དམག་དོན་དང་འབྲེལ་བའི་ཡོ་ཆས་ཉོ་རྒྱུ་ཡིན་པར་བརྟེན། ཨུ་རུ་སུའི་མཚོན་ཆ་ཕོན་ཆེ་ཤོས་ཉོ་མཁན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་ནི་ཨུ་རུ་སུའི་མཚོན་ཆ་ཉོ་མཁན་རྒྱལ་ཁབ་མང་པོ་ཡོད་པའི་ཁྲོད་ནས་མཚོན་ཆ་མང་ཤོས་ཉོ་མཁན་དེ་ཆགས་ཡོད་པ་དང་། ད་ལྟའི་ཆར་ཨུ་རུ་སུའི་མཚོན་ཆ་མངགས་ཉོ་བྱེད་མཁན་ལས་བརྒྱ་ཆ་༢༠% ནི་རྒྱ་གར་ཆགས་ཡོད་འདུག  ཕྱི་ལོ་༢༠༢༢ ཟླ་༢ ཚེས་༢༤ ཉིན་ཨུ་རུ་སུས་རང་ཉིད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡུག་རེན་ལ་བཙན་འཛུལ་བྱས་ནས་བཟུང་། རྒྱ་གར་གྱི་སྲིད་བློན་མུ་དྷི་ཡིས་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་ལ་དམག་འཁྲུག་གི་དུས་སྐབས་ནི་ཡོལ་ཟིན་པ་དང། དུས་རབས་༢༡ པ་ནི་གྲོས་མོལ་གྱི་དུས་རབས་ཤིག་ཡིན་རབས་དང་། ཨུ་རུ་སུས་ངེས་པར་དུ་གྲོས་མོལ་དང་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་ནས་རྩོད་རྙོག་ཐག་གཅོད་བྱ་དགོས་ཞེས་འབོད་སྐུལ་ཞུས་པ་ལས། རྒྱ་གར་གཞུང་གིས་ད་བར་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱེད་པའི་ཐོག་ལ་སྐྱོན་བརྗོད་གང་ཡང་བྱས་མེད་པ་རེད་འདུག

ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ལ་དཔལ་འབྱོར་གྱི་ཆད་པ་བཅད་ཡོད་པ་དང་མཚོན་ཆ་བཙོང་རྒྱུ་སོགས་བཀག་ཡོད་ཀྱང་། རྒྱ་ནག་དང་རྒྱ་གར་དེ་བཞིན་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཅིག་གིས་སོ་སོའི་ཁེ་ཕན་གཙིགས་སུ་བཟུང་ནས་ཨུ་རུ་སུའི་རྩ་ནས་སྣུམ་དང་མཚོན་ཆ་སོགས་ཉོས་ནས་ཚོང་འབྲེལ་མུ་མཐུད་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག ཨ་རི་ཡིས་སྣེ་ཁྲིད་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་གར་ལ་གནོན་ཤུགས་ཇེ་ཙམ་སྤྲད་ཀྱང་རྒྱ་གར་ནི་ཨུ་རུ་སུའི་དམག་དོན་ཆེད་ལས་ཀྱི་རོགས་ཟླ་གཙོ་བོ་ཞིག་ཆགས་བཞིན་ཡོད་འདུག

ཨུ་རུ་སུས་ལོ་ལྟར་ཨ་སྒོར་ཐེ་འབུམ་$༡༤ ནས་ཐེ་འབུམ་$༡༥ ཙམ་གྱི་མཚོན་ཆ་ཕྱི་ཚོང་བྱེད་ཀྱི་ཡོད་པ་མ་ཟད་མུ་མཐུད་ནས་ཨ་སྒོར་ཐེ་འབུམ་$༥༠ ཙམ་གྱི་མཚོན་ཆ་མངགས་ཉོ་བྱེད་མཁན་ཡོང་བཞིན་ཡོད་འདུག་ལ། ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་ཐད་འཕུར་གནམ་གྲུ་(MiG-29 helicopter) དང་དམག་གྲུ་(Su-30) དང་ཌོ་རོན་གནམ་གྲུ་(Drone) སོགས་ཉོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།