ཐའེ་ཝན་གྱི་གཞོན་སྐྱེས་༥༠༠ ལྷག་མཉམ་ཞུགས་ཀྱིས་བོད་དོན་ལས་འགུལ་སྤེལ་འདུག
ཟླ་འདིའི་ཚེས་༥ ཉིན་རྒྱབ་ཆུ་ཚོད་དང་པོའི་ཐོག་ཐའེ་སྡོད་བོད་རིགས་ཚོགས་པ་དང་གཞོན་ནུ་ཚོགས་པས་གོ་སྒྲིག་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་༢༠ ལྷག་གིས་གཞོགས་འདེགས་དང་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལམ་སྟོན་འོག་ཐའེ་ཝན་གནས་བཞུགས་བོད་མི་སེར་སྐྱ་མི་མང་དང་ཐའེ་ཝན་བོད་དོན་རྒྱབ་སྐྱོར་བ་༦༠༠ ཙམ་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེར་གྱི་ས་གནས་ (Zhongxiao Fuxing) མེ་འཁོར་འབབ་ཚུགས་ཀྱི་མདུན་ཐང་དུ་འདུ་འཛོམས་ཀྱིས། ཐོག་མ་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་དང་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ (Feddy Lim)། ཚོགས་གཞོན་སྐུ་ཞབས་ (Sun Han Hung) དང་ཐའེ་པེ་ས་གནས་འཐུས་མི་ (Miao Poya) དང་ (Lin Liangjun) ། ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་བཅས་ནས་གསུམ་བཅུའི་དུས་དྲན་དང་ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་ཐད་གསུང་བཤད་གནང་ཡོད་འདུག
དེ་ནས་ཚོུད་ ༢ ཙམ་ནས་གོང་གསལ་ས་གནས་ནས་འགོ་འཛུགས་ཀྱིས་ཐའེ་ཝན་དུ་ཡོད་པའི་རྒྱའི་དངུལ་ཁང་བརྒྱུད་ཐའེ་པེར་གྲགས་ཅན་ཐོག་རྩེགས་བརྒྱ་དང་གཅིག་བར་བོད་ཀྱི་བདག་པོ་བོད་མི་ཡིན། བོད་ལ་རང་དབང་དགོས། བོད་ལ་དྲག་གནོན་མཚམས་འཇོག་བྱོས། རྒྱ་མིའི་དམག་མི་བོད་ནས་ཕར་རྒྱུག་ཅེས་འབོད་སྒྲ་གནམ་སར་ཁྱབ་པར་བསྒྲགས་ཏེ་ཞི་བའི་གོམ་བགྲོད་བྱས་ཡོད་པ་དང་། གོམ་བགྲོད་ཀྱི་བརྒྱུད་རིམ་དུ་ཐའེ་ཝན་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་འགན་འཛིན་མི་གྲངས་༡༢ ཙམ་ནས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་རྒྱུ་མཚན་འགྲེལ་བརྗོད་ཀྱིས་གཏམ་བཤད་ཀྱང་གནང་ཡོད་འདུག
ཐའེ་ཝན་དུ་གསུམ་བཅུའི་དུས་དྲན་སྲུང་བརྩིའི་ལས་འགུལ་སྤྱིའི་ནང་ཕྱི་ལོ་ ༢༠༢༣ ཟླ་བ་ ༢ ཚེས་ ༨ ནས་འགོ་འཛུགས་ཀྱི་རེས་གཟའ་ལྷག་པ་ནམ་ཡིན་ལ་ཐའེ་བོད་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ནས་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་དང་རྒྱལ་ས་ཆེ་ཤོས་གཉིས་པ་ཀའོ་ཞོང་( Kaohsiung) ལ་རེ་གཟའ་ལྷག་པ་ནམ་ཡིན་ལ་བོད་རང་དབང་རྐང་འཁོར་གྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། དེ་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༣ ཉིན་ཐའེ་ཝན་གྲོས་ཚོགས་ཀྱི་མདུན་ཐང་དུ་ཐའེ་ཝན་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་དང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ (Feddy Lim) ། གྲོས་ཚོགས་འཐུས་མི་ལྕམ་སྐུ་ (Wang Wanyu) དང་ (Liu Shyn-Fang) ལགས། ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་བཅས་ཀྱིས་གསུམ་བཅུའི་དུས་དྲན་གྱི་གསར་འགོད་གསལ་བསྒྲགས་སྤེལ་ཞིང། ཐའེ་ཝན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་ཆེན་པོ་ཕྱིན་ཡོད་འདུག། ཕྱི་ཚེས་ ༣ ཉིན་གྱི་དགོང་མོ་ཚུ་ཚོད་ ༧།༣༠ ནས་ ༩།༥༥ བར་རེས་གཟའ་ལྷག་པའི་བགྲོ་གླེང་ཞེས་པའི་བརྗོད་གཞིིའི་ནང་བོད་ཀྱི་གནད་དོན་ངོ་སྤྲོད་བྱ་རྒྱུའི་ལས་རིམ་སྒྲིག་པར་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་དང་། ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་གཉིས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་དང་སྲིད་བྱུས། རྒྱལ་སྤྱིའི་ཐོག་ལ་བོད་ཀྱི་གནས་བབ་སོགས་ཀྱི་ཐོག་ལ་དྲི་བ་དྲིས་ལན་གྱི་ལམ་ནས་ངོ་སྤྲོད་མཐིལ་ཕྱིན་པ་ཞུས་ཡོད་འདུག འབྱུང་འགྱུར་ཟླ་འདིའི་ཚེས་ ༡༠ གཞུང་འབྲེལ་གསུམ་བཅུའི་དུས་དྲན་གྱི་ཉིན་མོར་ཐའེ་ཝན་གནས་བཞུགས་བོད་མི་སེར་སྐྱ་མིང་མང་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཐའེ་པེ་རང་དབང་ཐང་ཆེན་དུ་ཆེད་འཛོམས་ཀྱི་གསུམ་བཅུའི་དུས་དྲན་དྲན་རྟེན་གྱི་མཆོད་འབུལ་སྨོན་ལམ་དང་མར་མེ་ཁྲོམ་བསྐོར་ཞིག་གོ་སྒྲིག་ཞུ་གཏན་ཁེལ་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།