འགག་སྒོ་གསུམ་ལས་ཐར་པའི་བློ་བཟང་སེང་གེ།
༡ དཔལ་འབྱོར་གྱི་འགག་སྒོ་ལས་ཐར་པ།
བློ་སེང་ལ་མཚོན་ན་སློབ་གྲྭ་ནས་ཐོན་ནས་ཅང་མ་གཏོགས་སོང་མེད་པས་རང་མི་སྒེར་ལ་དཔལ་འབྱོར་དངུལ་དངོས་འབོར་ཆེན་གསོག་སྒྲུབ་བྱུང་མེད་ལ།ད་དུང་རྒྱབ་ཏུ་དངུལ་དངོས་བག་མེད་གཏོིང་མཁན་གྱི་རྒྱབ་རྩ་མཁྲེགས་པོ་གང་ཡང་མེད།མ་འོངས་པར་མི་མང་ལ་དཔལ་འབྱོར་ཐད་ནས་རོགས་རམ་དང་འཚོ་སྣོན་དང་གང་དང་གང་བྱས་ཐུབ་པའི་ཁས་བླངས་བྱས་པའི་ཉམས་མྱོང་དང་འཇོན་ཐང་ཡང་མེད། འོས་བསྡུའི་འགྲན་བསྡུ་འགོ་ཚུགས་མ་ཐག་མངོན་གསལ་དང་མངོན་གསལ་མིན་པ་གཉིས་ཀའི་ཐོག་ནས་འོས་ཤོག་ཉོ་འགོ་ཚུགས་ཡོད་ལ།ལས་རིམ་དེི་ཡིས་གྲོད་ཁོག་མ་གཏོགས་མི་བསམ་པའི་མི་མང་པོ་ཞིག་གི་ལག་ནས་འོས་འཕྲོག་ཐུབ་པ་བྱུང་ཡོད། ད་དུང་འོས་ཀྱི་འགྲན་རྩོད་ནང་འོས་འདི་ལྟར་བླུག་དང་ངས་འདི་དང་འདི་སྦྱིན་བདག་བྱས་ཀྱི་་ཡིན་ཟེར་ནས་དངུལ་དངོས་དམར་རྗེན་མས་འོས་ཉོ་མཁན་ཡང་བྱུང་ཡོིད།
དངུལ་དངོས་ཕམ་མེད་དུ་བཏང་ནས་ལོ་རྒྱུས་དང་བྱས་རྗེས་སུ་བསྙད་པའི་འོས་སྡེར་སྤུས་དག་ཅན་དང་།ཚགས་པ་སྒེར་བདག་ཅན་ཡིག་ཚང་སྒེར་བདག་ཅན་གཉེར་ནས་གཞིས་ཆགས་ཁག་གི་མི་ཚང་རེི་རེའི་སྒོ་ནས་སྒོར་བརྒྱུད་དེ་་འགྲེམ་སྤེལ་བྱས་ཡོད།
འོན་ཀྱང་བློ་སེང་གིས་དོན་དམ་པའི་གནས་ལུགས་དང་བོད་དོན་ཐད་རང་ཉིད་ཀྱི་འཆར་་སྣང་དག་འགྲེལ་བརྗོད་དང་ར་སྤྲོད་བྱས་པ་ལས་མི་མང་ལ་དངུལ་དངོས་སོགས་ཀྱི་སྟེང་ནས་གང་ཡང་འོས་ཀྱི་དོད་དུ་བཏང་ཐུབ་མེད་མོད།དངོས་ཡོད་དང་་བདེན་པ་ཕུགས་བསམ་ཡོད་པའི་སྐད་ཆ་དག་གིས་མང་ཚོགས་རྣམས་དངུལ་དངོས་ཀྱི་རིན་ཐང་ལས་ཆེ་བའི་དགའ་ཚོར་བྱུང་དང་རྒྱབ་སྐྱོད་ཐོབ་ཡོད།
༢ ཁྱིམ་བརྒྱུད་དང་མཐོ་རིམ་མི་སྣའི་འགག་སྒོ་ལས་ཐར་པ།
འོས་བསྡུའི་ལས་རིམ་ནང་ཁྱིམ་བརྒྱུད་དང་མཐོ་རིམ་མི་སྣ་ཟུང་འབྲེལ་གྱི་ཁ་ནས་གཏམ་མིག་ལ་མཛེས་ཤིང་རྣ་ལ་སྙན་པ་སྨྲས་ནས་མང་ཚོགས་ཀྱི་བློ་འགུག་ཐབས་བྱས་ཡོད་པ་དང་།འོས་ཀྱ་ཁ་གྲངས་གཏོར་པའི་སླད་དུ་འོས་ཀྱི་འགྲན་རྩོད་ནང་དུ་དངོས་སུ་་ལངས་ཡོད། ད་དུང་མི་ཆེན་བླ་ཆེན་ཁག་བཙན་བྱོལ་སྤྱི་ཚོགས་ནང་དྲིན་ཆེན་དུ་བཏགས་པའི་མི་སྣ་དག་འབོད་འགུག་གི་གཞིས་ཆགས་ཁག་ཏུ་ཆེད་བསྐྱོད་ཀྱིས་རང་ཉིད་སྔོན་མར་གཞིས་ཆགས་འདི་དག་དཀའ་ལས་བསྐྱོན་སོགས་གླེང་བཞིན་རང་ཉིད་བྱས་རྗེས་ལ་ངོམས་གསོ་བྱེད་ཞོར་དུ་བཀའ་དྲིན་གཟོ་བའི་དོད་དུ་འོས་དེ་སྤྲོད་དགོས་ལུགས་གླེང་པ་དང་། དེ་བཞིན་འོས་ཀྱི་འགྲན་སློང་དེ་ཆོལ་ཁའི་ཕྱོགས་སུ་བསྒྱུར་པའི་སླད་དུ་བོད་མི་མང་ཚོགས་མཐུན་སྒྲིལ་དུམ་བུ་གཏོར་བའི་སྐད་ཆ་ཚུན་བཤད་ནས་འོས་ཀྱི་སློང་མོ་བཟོ་དགོས་བྱུང་ཡོད།
བློ་སེང་ལ་མཚོན་ན་མི་ཚང་དཀྱུས་མ་ནང་གི་བུ་ཕྲུག་ཡིན་པ་དང་།རིགས་རུས་དང་ལོ་རྒྱུས་གླེང་ནས་འོས་ཀྱི་སློང་མོ་རྒྱག་རེ་གཏན་ནས་མེད།ད་དུང་དཔུང་ཁག་སོགས་གང་ལ་གཞིགས་ཀྱང་འོས་གྲངས་ཀ་གཅིག་ཀྱང་རག་པའི་རེ་བ་མེད།འོན་ཀྱང་བོད་ཀྱི་དངོས་ཡོད་དང་རང་ཉིད་ཀྱི་ཁེ་ཕན་གཉིས་ལས་བོད་ཀྱི་དངོས་ཡོད་གལ་ཆེ་བར་མཐོང་པའི་མང་ཚོགས་ཀྱི་མཐོ་རིམ་མི་སྣ་དག་ལ་མགོ་མ་སྒུར་བར་རང་ཉིད་ཀྱིས་འདེམས་སྟངས་གཏན་ནས་མ་འཕྱུགས་པར་བྱས་འདུག
༣ གསར་འགྱུར་བརྒྱུད་ལམ་ཁག་གི་འགག་སྒོ་ལས་ཐར་པ།
གསར་འགྱུར་བརྒྱུད་ལམ་ཁག་ནས་བློ་སེང་རྒྱ་ཡི་གསང་ཉུལ་ཡིན་ཚུལ་དང་།དོལ་རྒྱལ་ཚོགས་པའི་མི་་ཡིན་ཚུལ།ཆོལ་ཁའི་ཞེན་ཁོག་ཅན་ཡིན་ཚུལ་སོགས་བརྒྱུད་བསྒྲགས་ཧུར་འཐག་བྱས་ཡོད་།ད་དུང་ལི་ཐང་བརྟན་བཞུགས་སྐབས་བཤད་པའི་སྐད་ཆ་དུམ་བུ་གཅིག་ནག་ཉེས་ཆེན་པོ་ཅི་ཞིག་ཡིན་མདོག་ཨ་རི་རླུང་འཕྲིན་ཀུན་གླེང་ཚུན་ཆད་ཐད་གཏོང་བྱས་ཡོད། དེ་བཞིན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ནང་བཀའ་ཁྲི་འོས་མི་གསུམ་ལྷན་དུ་བགྲོ་གླེང་སྐབས་སྔ་ཉིན་དང་ཕྱི་ཉིན་གཏན་ནས་འགགས་མེད་པའི་དྲ་ལམ་དེ་དེ་ཉིན་ཏག་ཏག་འགགས་ནས་བློ་སེང་གི་སྐད་ཆ་དག་མི་མང་གི་རྣ་བ་དང་མིག་སྔར་བསླེབས་ཐུབ་མེད།
ནམ་རྒྱུན་གསར་འགྱུར་ལས་རིམ་ཁག་གིས་འོས་མི་དག་ལྷན་དུ་འདུས་ནས་དྲི་བ་ལེན་བྱས་དུས་དགོས་པ་དང་རྒྱུ་མཚན་གང་ཡང་མེད་པར་བློ་སེང་ལ་དྲི་བ་སྔོན་གཏོང་རྐྱང་བྱས་ནས་ཐེངས་ཤིག་་བློ་སེང་སྐད་ཤོར་དགོས་ཆགས་ཡོད།
ནམ་རྒྱུན་དྲི་བ་གཏོང་དུས་བློ་སེང་ལ་ཁབ་གཙགས་པ་ལྟ་བུའི་དྲི་བ་རྣོ་ངར་ཅན་རྐྱང་རྐྱང་བསམ་གཟས་ནས་གཏོང་ཡོད། ད་དུང་དྲ་ལམ་དང་ཚགས་པར་ཁག་གཅིག་ཆེད་དུ་གཉེར་ནས་བློ་སེང་ལ་སྐྱོན་བརྗོད་བཟོ་མཁན་ཡིན་ལྟ་བུ་བློ་སེང་གི་རང་བཞིན་དྲང་ཐད་ནས་གླེང་པའི་རྩོམ་ཡིག་དག་གི་སྒོ་གཏན་རྒྱག་གིས་ཆེད་དུ་གཉེར་ནས་སྐྱོན་བརྗོད་རིགས་རྐྱང་རྐྱང་འགྲེམས་སྤེལ་བཟོ་ཡོད།
ནོར་བུ་རིན་པོ་ཆེ་བསྟོད་སྨད་སྒོ་ནས་གཞན་དུ་བསྒྱུར་མི་ནུས་པ་གསུངས་པ་ལྟར་བདེན་པ་ནི་ནམ་ཡང་བདེན་པ་ཡིན་པས་ལབ་གླེང་ཙག་ཙིག་གི་བློ་སེང་གཞན་དུ་བསྒྱུར་མི་བཏུབ་དེ་རིང་གི་བློ་སེང་དེ་གཞིས་བྱེས་གཉིས་ཀྱི་མགོ་བོར་ཆགས་ཡོད།
མདོར་ན་དཔོན་གནས་ལས་མི་སེམས་པ་དང་ཁེ་ཕན་ཉེ་འཚེ་བ་ལ་རྔམ་ནས་དཔོན་གནས་བཟུང་འདོད་པའི་མི་ཚོ་ལ་བསླུ་མེད་ལས་འབྲས་ཀྱི་བདེན་་པ་དང་།སླད་མེད་ལྷག་བསམ་གྱི་བདེན་པ།སླད་མེད་དམངས་སེམས་ཀྱི་བདེན་པ།ཤེས་ཡོན་རིན་ཐང་གི་བདེན་དང་།དྲང་བདེན་ཕུགས་བསམ་གྱི་བདེན་པ།བོད་མི་ཡི་མཐུན་སྒྲིལ་གྱི་བདེན་པ།བོད་མི་ཡི་ཕུགས་བསམ་གྱི་བདེན་པ་སོགས་བདེན་པ་ཆེན་པོ་དེ་དག་གི་བྱིན་མཐུ་ཡིས་གོ་སྐབས་གཏན་ནས་སྤྲོད་མེད་ལ།གསེར་དང་བྱེ་མ་དབྱེ་བ་འབྱེད་ནས་དབུལ་པའི་ཁྱིམ་ཚང་གི་བུ་མཁས་དབང་བློ་བཟང་སེང་གེ་དེ་བོད་ཀྱི་མགོ་བོར་བཀོད་ཡོད།
