ཨུ་རུ་སུས་བྷེ་ལ་རུ་སི་ལ་རྡུལ་ཕྲན་མཚོན་ཆ་འགྲེམས་འཇོག་བྱེད་རྒྱུའི་གསལ་བསྒྲགས་སྤེལ་འདུག
ཨུ་རུ་སུས་རང་ཉིད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་བྷེ་ལ་རུ་སིའི་ནང་དུ་རྡུལ་ཕྲན་མཚོན་ཆ་འགྲེམས་འཇོག་བྱེད་རྒྱུའི་གསལ་བསྒྲགས་སྤེལ་ཞིང་། ཕྱི་ལོ་༡༩༩༠ ནས་ད་བར་ཨུ་རུ་སུས་རྒྱལ་ཁབ་གཞན་གྱི་ས་ཐོག་ཏུ་གོ་མཚོན་དེ་འདྲ་འགྲེམས་འཇུག་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག་ལ། འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ཨ་རིས་སོ་སོའི་མཐུན་ཕྱོགས་རྒྱལ་ཁབ་མང་དག་ཅིག་གི་ནང་དུ་གོ་མཚོན་འགྲེམས་འཇོག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༢༧ ཉིན་(REUTERS) གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༢༥ ཉིན་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་ཨུ་རུ་སུའི་ཁྱིམ་མཚེས་དང་མཐུན་ཕྱོགས་རྒྱལ་ཁབ་བྷེ་ལ་རུ་སིའི་ནང་དུ་རྡུལ་ཕྲན་མཚོན་ཆ་འགྲེམས་འཇོག་བྱེད་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་དང་། སྐབས་དེ་ཨུ་རུ་སུའི་སྲིད་འཛིན་གྱིས་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ཨ་རི་ཡིས་སོ་སོའི་མཐུན་ཕྱོགས་རྒྱལ་ཁབ་ཁ་ཤས་ཀྱི་ས་ཐོག་ཏུ་གོ་མཚོན་མང་དག་ཅིག་འགྲེམས་འཇོག་བྱས་དང་བྱེད་མུས་ཡིན་པ་ལྟར། ཨུ་རུ་སུས་ཀྱང་རང་ཉིད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་བྷེ་ལ་རུ་སིའི་ནང་དུ་གོ་མཚོན་འགྲེམས་འཇོག་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག་ལ། བྷེ་ལ་རུ་སིའི་སྲིད་འཛིན་གྱིས་དུས་ཡུན་རིང་པོ་རེ་བ་བྱས་པའི་རྒྱུ་མཚན་གྱིས་ཨུ་རུ་སུས་རྡུལ་ཕྲན་མཚོན་ཆ་འགྲེམས་འཇོག་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག
གསལ་བསྒྲགས་དེ་ནི་ཨུ་རུ་སུའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་བར་ཉིན་གྲངས་གསུམ་གྱི་རིང་ཐུག་འཕྲད་བྱས་པའི་རྗེས་སུ་སྤེལ་བ་ཞིག་ཆགས་ཡོད་འདུག་ལ། ཨུ་རུ་སུའི་སྲིད་འཛིན་གྱིས་བརྗོད་གསལ་ལྟར་ན། ལོ་འདིའི་ཕྱི་ཟླ་༧ པའི་ཚེས་༡ གི་སྔོན་དུ་བྷེ་ལ་རུ་སིའི་ནང་དུ་རྡུལ་ཕྲན་མཚོན་ཆ་གཞག་སའི་གོ་མཛོད་ཁང་ཞིག་འཛུགས་སྐྲུན་བྱས་ཚར་བ་བྱེད་རྒྱུ་དང་བདུན་ཕྲག་རྗེས་མ་ནས་གོ་མཚོན་ཇི་ལྟར་འགྲེམས་འཇུག་བྱེད་དགོས་པའི་ཐོག་ལ་སྦྱོར་བརྡར་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་ཀྱང་། དུས་ནམ་ཞིག་ལ་གོ་མཚོན་རིགས་ཅི་ཞིག་འགྲེམས་འཇོག་བྱེད་རྒྱུ་ཡིན་པའི་ཐོག་ལ་གང་ཡང་བརྗོད་མེད་པའི་གནས་ཚུལ་ཐོན་འདུག
བྷེ་ལ་རུ་སི་ནི་ཨུ་རུ་སུའི་མཐུན་ཕྱོགས་རྒྱལ་ཁབ་ཅིག་ཡིན་པ་དང་འདས་པའི་ཟླ་བ་ཁ་ཤས་ནང་ཕྱོགས་གཉིས་ཀྱི་དམག་མིས་བྷེ་ལ་རུ་སིའི་ས་ཐོག་ཏུ་དམག་སྦྱོང་བྱས་ཡོད་པ་མ་ཟད། ཨུ་རུ་སུས་ཡུག་རེན་ལ་ཐོག་མ་བཙན་འཛུལ་བྱེད་པའི་སྐབས་སུ། ཨུ་རུ་སུའི་དམག་དཔུང་དག་བྷེ་ལ་རུ་སི་བརྒྱུད་ནས་བསྐྱོད་ཆོག་པའི་ཆོག་མཆན་སྤྲད་ཡོད་འདུག ཐེངས་འདི་ཨུ་རུ་སུས་བྷེ་ལ་རུ་སི་ལ་རྡུལ་ཕྲན་མཚོན་ཆ་འགྲེམས་འཇོག་བྱེད་རྒྱུའི་གསལ་བསྒྲགས་སྤེལ་ཡང་། ཨུ་རུ་སུའི་སྲིད་འཛིན་གྱིས་རྡུལ་ཕྲན་མཚོན་ཆ་སྟངས་འཛིན་བྱེད་རྒྱུའི་དབང་ཆ་ཁོང་ཚོ་ལ་སྤྲད་རྒྱུ་མིན་ཞེས་བརྗོད་ཡོད་འདུག ཕྱི་ལོ་༡༩༩༠ ནས་ཨུ་རུ་སུས་རྒྱལ་ཁབ་གཞན་གྱི་ས་ཐོག་ཏུ་གོ་མཚོན་འགྲེམས་འཇོག་བྱས་པ་ཐོག་མ་ཆགས་ཡོད་འདུག
སྤྱི་ལོ་༡༩༩༡ ལོ་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ཁ་ཐོར་ཕྱིན་ཡོད་པ་དང་། སྐབས་དེར་རྡུལ་ཕྲན་མཚོན་ཆ་དག་ཡུག་རེན་དང་ཨུ་རུ་སུ། བྷེ་ལ་རུ་སི་དང་ཁ་ཛ་སི་ཐན་བཅས་རྒྱལ་ཁབ་བཞི་ཡི་ནང་དུ་བཞག་ཡོད་ཀྱང་། ཕྱི་ལོ་༡༩༩༢ ཕྱི་ཟླ་༥ པའི་ནང་རྒྱལ་ཁབ་བཞི་ཡིས་གོ་མཚོན་ཡོངས་རྫོགས་ཨུ་རུ་སུའི་ས་ཐོག་ཏུ་འཇོག་རྒྱུ་ཁས་ལེན་བྱས་ཡོད་པར་བརྟེན། ཕྱི་ལོ་༡༩༩༦ རྒྱལ་ཁབ་དེ་དག་གི་ནང་དུ་ཡོད་པའི་གོ་མཚོན་ཡོངས་རྫོགས་ཨུ་རུ་སུའི་ས་ཐོག་ཏུ་དབོར་ཚར་ཡོད་འདུག ད་ལྟའི་ཆར་ཨུ་རུ་སུས་གོ་མཚོན་ཁག་གཅིག་བྷེ་ལ་རུ་སིའི་ས་ཐོག་ཏུ་འགྲེམས་འཇོག་བྱེད་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པར་བརྟེན། བྷེ་ལ་རུ་སིའི་ཁྱིམ་མཚེས་རྒྱལ་ཁབ་ཚོས་སེམས་འཚབ་ཆེན་མོ་བྱེད་བཞིན་ཡོད་འདུག
བྷེ་ལ་རུ་སི་ནི་ཡུག་རེན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། ཚོགས་མི་རྒྱལ་ཁབ་སུམ་ཅུ་ཡོད་པའི་བྱང་ཆིངས་རྩ་འཛུགས་(NATO) ཀྱི་ཚོགས་མི་རྒྱལ་ཁབ་གསུམ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཀྱང་ཆགས་ཡོད་པས་གནས་ཚུལ་དབྱེ་ཞིབ་པ་འགའ་རེས་ཨུ་རུ་སུས་བྱང་ཆིངས་རྩ་འཛུགས་ལ་འཇིགས་སྐུལ་བྱེད་ཀྱི་འདུག་ཅེས་བརྗོད་འདུག
གནས་ཚུལ་དབྱི་ཞིབ་པ་ཁག་གཅིག་གིས་ཨུ་རུ་སུས་བྷེ་ལ་རུ་སིའི་ནང་གོ་མཚོན་འགྲེམས་འཇོག་བྱས་པ་དེས་ཨ་རི་དང་དབྱིན་ཇི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུག་རེན་ལ་དམག་དོན་གྱི་ཐོག་ལ་རོགས་རམ་བྱེད་མུས་ཡིན་པ་ལ་ཉེན་བརྡ་གཏོང་གི་ཡོད་རབས་དང་། ཡང་འགའ་རེས་གོ་མཚོན་འགྲེམས་འཇོག་བྱས་པ་དེ་ཡིས་ད་ལྟའི་འགྲོ་བཞིན་པའི་དམག་འཁྲུག་དེ་ཉེན་ཁ་ཆེ་བའི་རིམ་པ་ཞིག་ཏུ་བསྐྱེལ་ཞིང་། ཕྱོགས་གཉིས་ཀྱི་བར་གྲོས་མོལ་ཡོང་རྒྱུ་ལ་བར་ཆད་བྱས་པ་རེད་ཅེས་བརྗོད་བཞིན་འདུག།ཡུག་རེན་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་ལ་ཛ་དྲག་གི་ཚོགས་འདུ་ཚོགས་དགོས་པའི་རེ་བ་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།