ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མས་ཐའེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་འདུག

ཟླ་འདིའི་ཚེས་༢༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་དང་དྲུང་ཆེ་ཀརྨ་ཆོས་དབྱིངས་རྣམ་གཉིས་ཀྱིས་ཐའེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཡུག་ཤེས་ཁོན་ (You Si-Kun) མཆོག་དང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ལིང་ཁྲང་ཙོ་ (Feddy Lim) མཆོག ཚོགས་གཞོན་ཧུང་ཧྲིན་ཧན་ (Sun Han-Hung) མཆོག ཐའེ་ཝན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཝང་ཏིང་ཡུས་ (Wang Ting-yu) མཆོག ཐའེ་ཝན་གྲོས་ཚོགས་འཐུས་མི་ལྕམ་ཁྲིན་ཅའོ་ཧྭ་ (Chen,Jiau Hua) ལགས་བཅས་དང་ལྷན་འཛོམས་ཀྱིས་སྐུ་མགྲོན་མཇལ་འཕྲད་ཁང་དུ་ཕན་ཚུན་མཛའ་བརྩེ་ཆེན་པོའི་ངང་ཆུ་ཚོད་གཅིག་ཙམ་རིང་མཇལ་མོལ་ཞུས་གནང་ཡོད་འདུག

མཇལ་འཕྲད་སྐབས་ཐའེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོའི་ལས་ཁུངས་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་མཆོག་ལ་གཞུང་འབྲེལ་དགའ་བསུའི་འཚམས་འདྲི་ཞུས་རྗེས། ཚོགས་གཙོ་མཆོག་གིས་གཞུང་འབྲེལ་གསུང་བཤད་སྒྲོགས་སྦྱང་གནང་ཞིང་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བོད་སྐད་ཐོག་གསུང་བསྒྱུར་ཞུས་འདུག དེ་ནས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མས་གསར་འགོད་ལྷན་ཚོགས་ཐོག་ད་ཐེངས་ཐའེ་ཝན་དུ་གཞུང་འབྲེལ་འཚམས་གཟིགས་ཕེབས་པ་ནི་ཨེ་ཤེ་ཡའི་ནང་དུ་གཞུང་དོན་འཚམས་གཟིགས་དང་པོ་དེ་ཆགས་ཀྱི་ཡོད་སྟབས། དམིགས་བསལ་གྱི་དགའ་ཚོར་ཞིག་ཡོང་གི་འདུག གང་ཡིན་ཞུས་ན་ཐའེ་ཝན་ནི་རང་དབང་མང་གཙོ་མིག་དཔེ་འོས་པའི་ལུང་པ་ཞིག་ཡིན་པ་མ་ཟད། མི་ཚོ་ཡ་རབས་བཟང་སྤྱོད་དང་ལྡན་པ། བོད་མི་མཚོན་ཉམ་ཆུང་དཀའ་ངལ་འོག་ཚུད་བཞིན་པའི་མི་རིགས་ལ་རོགས་སྐྱོར་དང་ཐུགས་འཁུར་བླ་ལྷག་ཏུ་ཡོད་པ་ཞིག་ཡིན་པ་དེ་རིང་གཟི་བརྗིད་ཆེ་བའི་མཇལ་འཕྲད་ཀྱི་མཛད་སྒོ་འདིའི་སྒང་ནས་མཚོན་གྱི་འདུག དེར་བརྟེན་ཐོག་མར་བཀུར་འོས་ཚོགས་གཙོ་མཆོག་དང་། འབྲེལ་ཡོད་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ། གསར་འགྱུར་བརྒྱུད་ལམ་ཁག དེ་རིང་གི་མཇལ་འཕྲད་གོ་སྒྲིག་གནང་མཁན་ཚང་མར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གོང་དུ་བཀུར་འོས་ཚོགས་གཙོས་གསུངས་པ་ལྟར། བོད་ནང་གི་ཛ་དྲག་གནས་སྟངས་ནི་ཡ་ང་བ་བརྗོད་ཀྱི་མི་ལང་པ་གང་ཅིའི་གནས་སྟངས་ཇེ་སྡུག་ཇེ་ངན་དུ་འགྲོ་གི་འདུག ཚོགས་གཙོ་མཆོག་གིས་གསུངས་པའི་རང་ལུས་མེར་བསྲེགས་སྐོར་གྲྭ་བཙུན་གཅིག་པུ་མ་རེད། ང་ཚོས་ཁུངས་སྐྱེལ་ར་འཕྲོད་གསལ་པོ་བྱུང་བའི་བསྡོམས་ཐོའི་ནང་དུ་གྲྭ་བཙུན་དང་། ཞིང་འབྲོག་མི་མང་། ཤེས་ཡོན་ཅན། སློབ་ཕྲུག ཕྲུ་གུའི་ཕ་མ་སོགས་འདྲ་མིན་ཡོད་ཅེས་འགྲེལ་བརྗོད་ཞུས་པ་དང་། ད་ཆར་མི་རིགས་རྩ་མེད་དང་། རིག་གཞུང་རྩ་མེད། སྐད་ཡིག་རྩ་མེད། ནང་ཆོས་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་རྒྱ་ནག་གི་མི་རིགས་སྲིད་བྱུས་དམར་རྗེན་ཆགས་ཀྱི་ཡོད་སྟབས། རང་དབང་མང་གཙོར་དགའ་བའི་ང་ཚོ་ཚང་མ་ནུས་པ་གཅིག་ཏུ་བསྒྲིལ་ཏེ་ཤུགས་བསྐྱོན་དགོས་རྒྱུ་དུས་ལ་བབ་ཀྱི་འདུག ང་ཚོ་ཚང་མར་འཐབ་རྩོད་ཀྱི་དམིགས་ཡུལ་མ་འདྲ་བ་ཡོད་སྲིད་ཀྱང་། མ་འོངས་རྒྱ་ནག་རང་དབང་མང་གཙོ་ཅན་དུ་བསྒྱུར་མ་ཐུབ་ན་ང་ཚོའི་དཀའ་ངལ་སེལ་རྒྱུ་ཁག་པོ་ཡིན་པར་བརྟེན་དེའི་ཐོག་ཤུགས་མཉམ་དུ་རྒྱག་དགོས། ང་ཚོ་བོད་མིར་མཚོན་ན་བོད་རྒྱའི་དཀའ་ངལ་སེལ་ཕྱོགས་སྐོར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྟོན་ཡོད་ཀྱང་། རྒྱ་དམར་གཞུང་གི་དེར་ཡ་ལན་བཟང་པོ་མེད་སྟབས། ད་ལྟ་འབྲེལ་མོལ་གྱི་ལམ་ཀ་ཆད་པ་རེད། ཡིན་ནའང་བོད་ཀྱི་དཀའ་ངལ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་དགོས་པ་ང་ཚོའི་རྩ་དོན་ཆགས་ཀྱི་ཡོད་ཅེས་དང་།

དེ་ནས་གསར་འགོད་པ་ཚོ་ཕྱིར་བཏང་རྗེས་ཕྱོགས་ཕན་ཚུན་གཉིས་དབར་ཆུ་ཚོད་ཕྱེད་ཙམ་རིང་ནང་མོལ་ཞུ་སྐབས། གྲོས་ཚོགས་འཐུས་མི་རེ་རེ་བཞིན་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་བཀའ་མོལ་ལྷུག་པོ་གནང་བ་དང་། ཐའེ་ཝན་དུ་བོད་མི་ཚོར་མཐོང་མཆན་གྱི་དཀའ་ངལ་སེལ་ཕྱོགས་སྐོར་སོགས་གྲོས་ཚོགས་ནང་དུ་གནང་འོས་ཇི་དགེར་ཕན་ཚུན་བགྲོ་གླེང་གཏིང་ཟབ་བྱུང་ཡོད་པ་རེད། དེ་རིང་གི་མཇལ་མོལ་དེ་བོད་རྒྱ་སྐད་ཡིག་གཉིས་ཐོག་གནང་སྟེ་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་གྱིས་གསུང་བསྒྱུར་གནང་བ་དང་། དགོང་མོ་ཆུ་ཚོད་དྲུག་པའི་ཐོག་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་དགའ་བསུའི་གསོལ་སྟོན་བཤམས་པ་དང་། གསོལ་སྟོན་ཐོག་མུ་མཐུད་ཞིབ་ཕྲའི་ལས་དོན་བྱེད་ཕྱོགས་སྐོར་བཀའ་མོལ་ཞིབ་ལྷུག་གནང་ཡོད་འདུག །

གསར་འགོད་པ། བློ་བཟང་རྒྱ་མཚོ།