བོད་མི་ཚོའི་བློ་སྟོབས་བསྐྱེད་རོགས།
ཕྱི་ལོ་༢༠༡༡ཟླ་༥པའི་ཚེས་༢༡ནས་བཟུང་ཉིན་གསུམ་རིང་གཞུང་དམངས་ཚོགས་ཆེན་བསྡུ་བསྐོང་གིས་བཅའ་ཁྲིམས་སྤྱི་དང་ཡང་དགོས་༸རྒྱལ་བ་རིན་པོ་ཆེའི་སྐུ་ཚེའི་ནང་ཆོས་སྲིད་གཉིས་གྱི་བདག་དབང་བཞེས་པའི་རྒྱུད་རིམ་གྱི་རག་ཟིན་འཁོད་པའི་སྔོན་གླེང་དང།དོན་ཚན་དང་པོའི་ནང་རྒྱལ་བ་རིན་པོ་ཆེར་མཚན་གནས་བེད་སྤྱོད་སྟངས།མི་རིགས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོར་དང་དར་སྤེལ།བོད་ཀྱི་རྩ་དོན་སྒྲུབ་ཐབས་ཕྱོགས་ལམ་སྟོན་དང་བཀའ་སློབ།བསྐུལ་ལྕག་གནང་རྒྱུ།སྐུ་སྒེར་ནས་དགོས་གལ་གཟིགས་ཤིང་འགོ་འཁྲིད་རྣམས་ཀྱིས་གསོལ་འདེབས་ནམ་ཞུས་ལ་མི་རིགས་ཀྱི་བསྟན་སྲིད་ཀྱི་གལ་ཆེའི་ལས་དོན་ཐད་བཀའ་ཤག་ལ་གསུངས་འཕྲིན་དང་བཀའ་སློབ་ལམ་སྟོན་གནང་རྒྱུ།བོད་ཀྱི་རྩ་དོན་དང་འབྲེལ་བའི་སྤྱི་བཏང་དང་དམིགས་བསལ་སྐུ་ཚབ་བསྐོ་འཛུགས་གནང་རྒྱུ་བཅས་འདུས་པའི་ནང་དོན་ཐད་ཚོགས་ཆུང་ཁག་བགོས་ཀྱིས་བསམ་ཚུལ་བཏོན་ནས་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།
༸རྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་དབང་ཆ་ཕྱི་བསྡུ་མཛད་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་སུ།བོད་མི་རིགས་འདི་སྔོན་སོང་གི་ཆོས་སྲིད་དབང་ཆ་གཅིག་འདུས་མིན་པའི་དབང་ཆ་ཁག་བགོས་དང་འཇོན་ཐང་ཅན་ཚོར་དམངས་ཀྱིས་འོས་འདེམས་ཀྱི་ལམ་ནས་རང་མི་རིགས་ལ་ཞབས་འདེབས་བསྒྲུབ་པའི་ཐོབ་ཐང་དང་འགན་འཁྲི་གཅིག་མཚུངས་གནང་ཞིང།དམངས་གཙོ་ལུགས་མཐུན་དར་སྤེལ་དང།ཆབ་སྲིད་ལམ་ལུགས་འཐུས་ཚང་དུ་བཏང་བའི་གསལ་བརྡ་དབྱར་སྐྱེས་རྔ་སྒྲ་ལྟར་བསྒྲོགས་ཡོད་པ་རེད་།ཉུང་མཐའ་ཡང་དེ་སྔོན་རང་རིགས་ཕྱོགས་སུ་བལྟ་བཞིན་དབང་ཆ་གཅིག་འདུས་ཡིན་བཞིན་ད་དུང་དབང་ཆ་ཁག་བགོས་ཀྱི་སྤྱི་ཁྱབ་རིན་ཐང་བསྐྲུན་པའི་དམངས་གཙོ་ཡང་དག་པའི་ལམ་དུ་འགྲོ་བཞིན་ཡོད་ལུགས་ལ་ཟུར་ཟ་དང་འཕྲད་དགོད་བྱེད་མཁན་ཚོའང་ད་ཐེངས་རྒྱལ་བ་རིན་པོ་ཆེས་མཛད་རྗེས་ལ་ལྟ་བཞིན་ཁ་སྐྱེངས་ནས་མ་བསྡད་རང་བསྡད་ཆགས་པ་རེད།
ད་ནས་བཟུང་རྒྱལ་བ་དོན་གྱི་བདག་པོས་སྐུ་སྒེར་གྱི་མ་འོངས་མཛད་འཆར་ཆེན་པོ་གསུམ་ཐོག་ཐུགས་བློ་རྩེ་གཅིག་སྒྲིལ་ནས་ཐུགས་འགན་བཞེས་རྒྱུ་རེད་ལ།དེའང་རང་རིགས་རྩམ་གཟན་ཡོངས་ཀྱི་བློ་ཕུག་ནས་དགའ་བ་དཔག་མེད་སྒོམ་དགོས་པའི་གཟི་བརྗིད་ཀྱི་བྱ་བཞག་ཆེན་པོ་ཞིག་ཡིན།
གཉིས།
རྒྱལ་བ་རིན་པོ་ཆེས་ཡུན་རིང་ཐུགས་ལ་བརྣགས་པའི་དམངས་གཙོ་ལམ་ལུགས་དབུ་འཛུགས་གནང་ཡོད་པ་དང།བོད་མི་དམངས་ཚོས་ད་དུང་ཡང་འཛམ་གླིང་ཐོག་དམངས་གཙོ་འཐུས་ཚང་གི་སྟོབས་ཆེན་རྒྱལ་ཁབ་གཞན་གྱི་རྗེས་ཟིན་ཐུབ་མེད་པར་ད་ལྟའི་ཆར་གྲོས་ཚོགས་ལམ་ལུགས་ཀྱི་སྔོན་འགྲོའི་རྭ་བའི་ནང་ཕྱི་བསྐོར་ཡང་བསྐོར་རྒྱབ་ནས་བསྡད་ཡོད་པ་ནི་ཚང་མས་ཤེས་གསལ་ལྟར་ལགས།ད་ནས་བཟུང་༸རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་དབང་ཆ་ཡོངས་ཕྱི་བསྡུ་གནང་ཞིང།བོད་མི་ཡོད་དོ་ཅོག་གི་མི་རེ་ངོ་རེའི་སྒེར་གྱི་རྣམ་དཔྱོད་ཀྱི་རྩལ་བཏོན་པའི་སྡེངས་ཆ་རེར་དམ་འཛིན་གྱིས་སྐུ་འཚོ་བཞུགས་སྐབས་སུ་གཞན་རྟེན་གྱི་གླད་རྙིང་མཁྲིགས་བཟུང་རྨང་ནས་གཏོར་ཏེ་ལྕོག་ཀྱང་མ་ལྕོག་ཀྱང་རང་འགན་རང་གིས་འཁྱེར་ནས་རང་མི་རིགས་ལ་རང་དབང་དང་བདེ་སྐྱིད་འཚོལ་བསྙེག་གི་མདུན་དུ་འཁྱར་མ་འཁྱོར་གྱིས་མི་འགྲོ་རང་འགྲོ་རེད།
འོན་ཀྱང་འཇིག་རྟེན་པའི་སྡེ་ཚོགས་སུ་ཆབ་སྲིད་དམངས་གཙོའི་ལམ་དུ་བསྐྱོད་དགོས་ན་སྔོན་སོང་གི་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་དེ་མིན་རྒྱལ་ཁོངས་ཀྱི་ཁྱད་ཆོས་མ་བོར་བའི་སྒོ་ནས་ལུགས་སྲོལ་རྒྱུན་འཛིན་བྱས་པའི་དབྱིན་ཇི་རྒྱལ་ཁབ་སོགས་ལ་དམིགས་དཔེ་ལྟ་ས་ཡོད་པ་དང།རང་རིགས་ངོས་ནས་ཀྱང་དངོས་ཡོད་གནས་སྟངས་ལ་དཔག་པའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་སྤེལ་ཐབས་དགོས་ལ།ཉུང་མཐའ་ཡང་གཏམ་དཔེ་ལྟར་སོ་ནམ་མི་ཤེས་ན་རོགས་སྡེ་ལ་ལྟ་ས་ཡོད་པ་ལས་མུན་ནག་ནང་སྦ་སྙོབས་ཀྱིས་འཆོལ་རྒྱུག་བྱ་ག་ལ་དགོས།
ཡིན་ཡང།ང་ཚོའི་མིག་ངོར་ལྷག་བཞིན་པའི་གནད་དོན་འགངས་ཆེན་ནི་འཇིག་རྟེན་པའི་སྡེ་ཚོགས་ནང་དམངས་གཙོ་ལམ་ལུགས་དར་སྤེལ་གཏོང་བ་དུས་མཉམ་དུ།རང་མི་རིགས་ཀྱི་ཁྱད་ནོར་ཆོས་དང་རིག་གཞུང་ཇི་ལྟར་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དེ་རེད།དེའི་ནང་དགེ་འདུན་པའི་སྡེ་ཚོགས་ནི་སངས་རྒྱས་བསྟན་པ་རྒྱུན་འཛིན་ཐད་ཀར་གནང་མཁན་གྱི་བྱེད་པོ་གཙོ་བོ་ཡིན་ཞིང།ཆོས་པའི་སྡེ་ཚོགས་ནས་ཀྱང་འཇིག་རྟེན་པའི་སྡེའམ་སྐྱ་བོའི་སྤྱི་ཚོགས་སུ་སྒེར་ཚུགས་དང་རང་དབང་ཅན་གྱི་སྡེ་ཚོགས་ཤིག་ཇི་ལྟར་ཆགས་ཐབས་བྱ་མིན་དེ་རེད།
ཆོས་རྒྱུད་ཁག་ལྔ་གཙོས་པའི་བཙུན་པའི་སྡེ་ཚོགས་འདི་མི་རིགས་རང་བཞིན་གྱི་ཁྱབ་ཁོངས་སུ་འདུས་ཡོད་པ་བདེན་ཡང།སླར་ཡང་སྐྱོ་བོའི་སྡེ་སྲིད་ཚོགས་པ་ནས་བཙུན་པའི་སྡེ་ལ་ཆབ་སྲིད་ཀྱི་དོ་དམ་དང་སྟངས་འཛིན་བྱ་བ་ནི་ར་མགོ་ལུག་སྦྱར་དང།སྐྱར་དུ་འཇིག་རྟེན་པས་ཆོས་པའི་སྡེར་ཇུས་མེད་ཇུས་རྟོགས་སུ་སོང་ནས་ངོ་བོ་བསྒྱུར་བའི་ཆོས་སྲིད་ཟུང་འབྲེལ་གཞན་ཞིག་གི་ལམ་དུ་ཕྱིར་བསློག་མི་བརྒྱབ་པར་སུས་ཀྱང་ཁ་ཚོན་གཅོད་མི་ནུས་སོ།
གནད་དོན་དང་གནས་སྟངས་འདི་འདྲར་བརྟེན་ནས་ཆོས་ཕྱོགས་ཀྱི་མཛད་རིམ་ནང་གཙོ་ཆེ་བ་༸རྒྱལ་བ་རིན་པོ་ཆེའི་མ་འོངས་ཡང་སྲིད་ཀྱི་མཛད་ཕྱོགས་ཇི་དགེའི་སྐོར་དང།ད་ལྟ་རྒྱུན་མཐུད་འགྲོ་བཞིན་པའི་རྒྱ་བོད་དབར་གྱི་འབྲེལ་ལམ་དམིགས་བསལ་སྐུ་ཚབ་ཀྱི་བྱ་བ་ཇི་ལྟར་མཇུག་སྐྱོང་མིན།ཡང་ན་དེའི་ནང་དོན་གྱི་ཆ་ནས་ཁ་གསབ་དང།གནོན་འཁྲི་ཇི་དགོས།དེ་བཞིན།བགྲང་བྱ་སུམ་བརྒྱ་དྲུག་ཅུ་ལྷག་གི་གཞུང་ས་དགའ་ལྡན་ཕོ་བྲང་གི་མཛད་ཕྱོགས་ལ་བཅའ་ཁྲིམས་བསྐྱར་བཅོས་ནང་གི་སྔོན་གླེང་ཐུང་ངུའི་མཇུག་བསྡོམས་སྙིང་བསྡུས་ཙམ་ལས་ཟུར་སྦྱར་ཡིག་ཆ་གལ་ཆེན་གྱིས་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་པའི་སྒོ་ནས་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པས་ཆོས་སྲིད་ཟུང་སྐྱོང་གི་ཆབ་སྲིད་ལམ་ལུགས་འདི་དུས་རབས་ཉེར་གཅིག་པའི་ནང་མཇུག་བསྡུས་གནང་སྟངས་སོགས་འཁོད་པའི་ཟུར་སྦྱར་ཡིག་ཆ་ཞིག་ངེས་པར་དགོས་གལ་ཆེ་བར་སྣང།
གསུམ།
རང་མི་རིགས་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་དར་སྤེལ་སྐོར་།ཆོས་པའི་སྡེ་ཚོགས་ནས་ཆོས་ཁྲིམས་གཙང་དག་སྒོ་ནས་ནང་པ་སངས་རྒྱས་པའི་སྙིང་དོན་རྒྱུན་མཐུད་ཀྱིས་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྐྲུན་དགོས།མ་འོངས་ཆོས་ཕྱོགས་ཀྱི་གནད་དོན་དང་ཆོས་རྒྱུད་དབར་གྱི་གནད་དོན་ཅི་བྱུང་འདུ་ཁྲིམས་ལ་གཞི་བཅོལ་བའི་སྒོ་ནས་རང་ངོས་ཀྱིས་ཐག་གཅོད་དགོས་པ་ལས་འཇིག་རྟེན་པའི་འཛིན་སྐྱོང་གི་སྡེ་ཚོགས་ནང་འཁྱེར་མི་དགོས།དུས་མཚུངས་སུ།སྲིད་འཛིན་གྱི་འཛིན་སྐྱོང་མ་ལག་ནས་ཆོས་པའི་སྡེ་ཚོགས་སྲུང་སྐྱོར་གྱི་འགན་འཁྱེར་བ་ལས་རྒྱུན་གཏན་གྱི་ཆོས་ཕྱོགས་ཀྱི་མཛད་རིམ་ཡོངས་ལ་ཐད་ཇུས་བྱ་དགོས་དོན་མེད།གལ་ཏེ་རང་མི་རིགས་ཀྱི་གནས་སྟངས་ཛ་དྲག་འབྱུང་ཚེ་ཆོས་ཕྱོགས་ཀྱི་བཙུན་པའི་སྡེ་དང་འཇིག་རྟེན་པའི་སྲིད་སྐྱོང་གི་མ་ལག་ཡོངས་རྫོགས་གཅིག་གྱུར་གྱིས་ནུས་ཤུགས་སྤུངས་ཐབས་བྱ་དགོས་པ་རེད།
འདི་ལྟར་ཆོས་པའི་སྡེ་ཆེན་མོ་དང་འཇིག་རྟེན་པའི་སྲིད་འཛིན་གྱི་ཁ་ཕྱོགས་མ་ནོར་བའི་སྒོ་ནས་མདུན་དུ་བསྐྱོད་ཐབས་བརྩོན་ན་གཞི་ནས་ཆོས་སྲིད་གཉིས་གཙང་ཡོང་ཐུབ་པར་སྙམ་ལ།ཉུང་མཐའ་ཡང་ད་ལྟའི་ཆར་བོད་གཞུང་ལ་རྒྱལ་སྤྱིའི་ཐོག་ནས་རང་བཙན་གྱི་གོ་དབང་ལྡན་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་མཁན་ཉུང་ཞིང།བཙན་བྱོལ་སྒྲིག་འཛུགས་འཐུས་སྒོ་ཚང་བ་ཞིག་ལ་རྒྱུན་གནས་ཐུབ་པར་དཀའ་ངལ་ཆེ་ཕྲ་ཆུང་གསུམ་གང་མང་ལ་ཁ་གཏད་གཅོག་དགོས་སྟབས་འཇིག་རྟེན་པའི་སྲིད་འཛིན་ནས་ཀྱང་ལོ་རྒྱུས་ཀྱི་ཤུགས་རྐྱེན་ཐེབས་པའི་ཆོས་ཕྱོགས་ལ་ཐད་ཇུས་བྱས་ན་དེ་བས་སྔར་བཞིན་རྙོགས་འཛིང་ཆེ་བར་ཡོང་ངེས་རེད་ལགས།
བཞི།
ད་ཐེངས་སྐབས་གསུམ་པའི་བཀའ་ཤག་དང་སྐབས་བཅུ་ལྔ་པའི་སྤྱི་འཐུས་རྣམས་གཙོས་གཞུང་འཛིན་སྣེ་མོ་བ་རྣམས་དང།མི་དམངས་ཀྱི་ངོས་ནས་མིག་སྔར་ཐག་གཅོད་དགོས་པའི་དོན་ཆེན་ཁག་གཤམ་གསལ་ཐད་བསམ་ཚུལ་ལྷུག་སྤེལ་དགོས་པར་སྣང།
༡།བོད་དོན་བདེན་མཐའ་གསལ་ཕྱིར་བོད་གཞིས་བྱིས་གཉིས་ནས་དུས་བསྟུན་གྱིས་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།
༢།གནས་སྡོད་རྒྱ་གར་གཞུང་ངོས་ནས་རང་གཞུང་རྒྱུན་འཛིན་ཐད་ཁ་གསལ་གྱིས་ཁེས་ལེན་དང།བོད་དོན་བདེན་མཐའ་མ་གསལ་བར་བོད་བཙན་བྱོལ་གཞུང་དངོས་སུ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ངོས་ལེན་ཕྱོགས་ལ་རོགས་འདེགས་གནང་ཕྱོགས་སྐོར།
༣།བླ་ཆེན་ཁག་གཙོས་པའི་ཆོས་པའི་སྡེ་རྣམས་ནས་ད་ནས་བཟུང་ཤར་ནུབ་ཡུལ་གྲུ་ཁག་གཙོས་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཇི་ལྟར་སྐྱོང་བ་དང།དེའི་སྐོར་རང་གཞུང་སྲིད་འཛིན་གནད་ཡོད་སྡེ་ཚོགས་ནས་ཀྱང་རོགས་འདེགས་ཀྱི་བྱ་བ་གང་དག་བསྒྲུབ་དགོས་མིན།
༤།ད་ཆར་རང་གཞུང་དང་རྒྱལ་སྤྱིའི་རོགས་ཚོགས་ཁག་དབར་གྱི་འབྲེལ་མཐུད་ཀྱི་མཚན་གནས་འབྲེལ་བ་གཏན་འབེབས་དང།རྒྱལ་སྤྱིའི་ཐོག་ནས་བོད་ཀྱི་གནད་དོན་ནུས་ལྡན་གྱི་རྒྱ་བསྐྱེད་ཇི་ལྟར་དགོས་མིན།
༥།དུས་མཚུངས་སུ་བོད་རྒྱའི་འབྲེལ་ལམ་གྱི་མིང་ཐོག་ནས་བཙུན་པའི་སྡེ་ནས་རྒྱ་ནག་ཡུལ་གྲུ་གང་སར་ཆོས་ཕྱོགས་ཁོ་ནའི་མཛད་པ་ཅི་ལྟར་སྐྱོང་ཐབས་ལ་འབད་བརྩོན་བྱ་དགོས་མིན།
༦།བོད་མི་ཡོངས་ཀྱིས་རང་གི་བློ་གྲོས་དང་རྩལ་ལ་བརྟེན་ནས་ད་ཐེངས་གཞུང་དམགས་ཚོགས་ཐོག་ནས་ས་ཡ་དྲུག་ཏུ་འབོད་པའི་བོད་མི་རིགས་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་བདེ་བསྐྲུན་ཐུབ་པའི་ཐབས་ལམ་དང་བསམ་ཚུལ་ལྷུག་བརྗོད་ཀྱིས་བློ་སྟོབས་བསྐྱེད་རོགས་ཅེས་སྨོན་འདུན་ཤུགས་དྲག་དང་བཅས་དགེའོ།
བོད་འབངས་གངས་ལྷ་མོས།
ཕྱི་ལོ་༢༠༡༡ཟླ་༤ཚེས་༢༦ཉིན་བྲིས།
