བློ་བཟང་སེང་གེ་འཕུར་མ་སྔ། བོད་པ་ཚོས་བཀྱག་མ་སྔ

སྡུག་དུས་སྡུག་དྲག་ནས་ངུ་འང་མི་ཤེས་པས་བྱིས་པ་དང་ཆ་ཆ་རྐྱང་ཞིག་ཡིན་པ་འདོད་དེ། མ་ཟད་བོད་པ་ཚོས་བསྟོད་དུས་བསྟོད་མི་ཤེས་ལ་སྨད་དུས་སྨད་ཀྱང་དེ་བས་མི་ཤེས་པ་འདོད། མདོར་ན་དེང་གི་བོད་པ་ཚོར་ནི་བསམ་མེད་ཀྱི་ལོ་ན་གསུམ་ཙམ་ལོན་པའི་བྱིས་པ་ཞིག་དང་མཚུངས་ལ། ངོ་དགའ་དང་སྤྲེལ་ལད་ལ་དགའ་བའི་མི་རིགས་ཐ་ཤལ་བ་ཞིག་ཡིན་པ་འདོད། ཅིའི་ཕྱིར། ཁྱེད་ཀྱིས་བལྟོས་དང་། དེ་རིང་གི་བོད་པ་ཚོར་བལྟོས་དང་། བོད་པ་ཚོས་སྐད་ཆ་ལ་ཡིད་ཆེས་བྱེད་འདོད་འདུག་གམ། བོད་པ་ཚོས་སྤྲེལ་ལད་དང་ངོ་དགའ་ལ་ཡིད་ཆེས་བྱེད་འདོད་འདུག་གམ། སྔོན་ཆེད་བློ་བཟང་སེང་གེ་རྒྱ་མིག་ཉུལ་མ་རེད་ཟེར་མཁན་ཚོས་དེ་རིང་བློ་སེང་བོད་པ་དག་མ་ཡིན་ཚུལ་བརྗོད་ཀྱི་འདུག སྔོན་ཆེད་བློ་བཟང་སེང་གེས་བོད་ཡིག་ཤེས་ཀྱི་མ་རེད་ཟེར་མཁན་ཚོས་དེ་རིང་བློ་སེང་གཞི་ནས་བོད་ཀྱི་རྩོམ་པ་པོ་རེད་ཅེས་བརྗོད་ཀྱི་འདུག སྔོན་མར་བློ་སེང་ཉམ་མྱོང་མེད་ཟེར་མཁན་ཚོས་དེ་རིང་ཡོད་ཚུལ་བཤད་ཀྱི་འདུག མདོར་ན་སྔོན་ཆེས་བློ་སེང་ལ་མེད་ཟེར་མཁན་ཚོས་དེ་རིང་བློ་སེང་ལ་ཡོད་ཟེར་མཁན་རྐྱང་རྐྱང་རེད། འདི་ཚོས་ཡང་སྙིང་ཚིག་དོན་སྔ་ཕྱི་འགལ་བའི་སྐད་ཆ་འདི་ལྟར་ཅིའི་ཕྱིར་བཤད་པ་རེད། འདི་ཚོས་ཡང་སྙིང་ཁས་བླང་སྔ་ཕྱི་འགལ་བའི་དམ་བཅའ་འདི་ལྟར་ཅིའི་ཕྱིིར་འཇོག་པ་རེད། གསུང་དང་། ང་དངོས་གནས་འདི་ཚོར་ཡ་མཚན་སྐྱེས་སོང་། བོད་པ་ཚོས་དེ་རིང་བློ་སེང་བཀྱག་ཆེ་སོང་། གལ་སྲིད་བློ་སེང་གིས་བཤད་བཞིན་པའི་སྐད་ཆ་འམ་ཡང་ན་སྐབས་དང་དུས་ཟེར་བ་སྟེ་ཤར་རྒྱུ་མེད་ཚེ་ད་ལྟའི་བཀྱག་ཟིན་པའི་རྐུབ་སྟེགས་ནས་བློ་སེང་ས་ལ་ཟག་ནས་གསད་རྒྱུ་ཉག་གཅིག་རེད། དེའི་ཕྱིར་ངས་བློ་བཟང་སེང་གེ་འཕུར་མ་སྔ་དང་། བོད་པ་ཚོས་བཀྱག་མ་སྔ་ཟེར་བཤད་ཡོད། བོད་པ་ཚོས་རྒྱལ་ཁབ་ཅིག་གི་བཀའ་ཁྲི་ལ་ངེས་པར་དུས་ཚང་དགོས་པའི་ཆ་རྐྱེན་མེད་དུ་མི་རུང་བ་ནི་ཉམ་མྱོང་རེད་ཅེས་བརྒྱ་བཤད་སྟོང་བཤད་བྱས་སོང་། དེ་དུས་བློ་བཟང་སེང་གེས་ལན་རྒྱག་སོང་། ཞོགས་པ་ཆུ་ཚོད་བརྒྱད་པ་ཙམ་ནས་དགུང་མོ་ཆུ་ཚོད་ལྔ་པ་བར་ཉམ་མྱོང་མེད་ཟེར་ན་ཆོག་ཀྱང་སྤྱི་སྟངས་ཀྱི་ཉམ་མྱོང་ཡོད་རབས་དང་འཇོན་རབས་སྐབས་དང་དུས་ཤར་རྒྱུ་ཡོད་ཚུལ་བཤད་སོང་། རེད། ད་ཡང་བོད་པ་ཚང་གི་མི་ལོ་ལྔ་བཅུ་ལྷག་ཅིག་བློ་བཟང་སེང་གེས་བཤད་བཞིན་པའི་སྐབས་དང་དུས་ཟེར་བ་སྒུག་རྒྱུ་ཡིན་ནམ། ཡང་ན་སྐབས་དང་དུས་ཟེར་བ་ག་འདྲ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད།སྐབས་དང་དུས་འཆར་རྒྱུ་ཡོད་ཅེས་གདེང་ཚོད་ཡོད་པའི་སྒོ་ནས་བཤད་པ་དེ་ངས་བསམཔ་དངོས་གནས་ཁྱད་མཚར་རེད། མ་ཟད་སྐབས་དང་དུས་ཟེར་བ་ནི་མ་འོངས་པར་ཟེར་སྲོལ་ཞིག་རེད། མ་འོངས་པའི་ལས་འགན་ནི་སུ་གང་ལའང་གདེང་ཚོད་དབེན་པ་ཞིག་ཡིན་ཏེ། དཔལ་ཆོས་ཀྱི་གྲགས་པའི་རྣམ་འགྲེལ་ལས། མ་འོངས་པ་རྟོགས་པ་མ་ཡིན་ཏེ་དེ་ལ་འཁྲུལ་བའི་ཕྱིར་ཅེས་བསྡོམས་ཚིག་རྣོ་པོ་གཅིག་ཀྱང་བཀོད་ཡོད། དེའི་ཕྱིར་བློ་སེང་ལ་གདེང་ཚོད་འདི་ལྟར་སླེབས་པ་དེའང་ང་རང་ཡ་མཚན། གང་ལྟར་དེ་རིང་བློ་བཟང་སེང་གེ་རྒྱལ་ཁ་ཐོབ་སོང་དེའི་ཕྱིར་ངས་བློ་སེང་གི་སྐབས་དང་དུས་ལ་རེ་སྒུག་གི་ཉི་མ་འཁྱོལ་ཐོབ་བྱེད་ཀྱིན་ཡོད། ཉི་མ་ཤར་བའི་ཉིན་དེར་ངས་བློ་སེང་ལ་གཞི་ནས་བོད་ཀྱི་མཁས་དབང་ངམ་ཡང་ན་བོད་ཀྱི་སྲིད་འཛིན་ཐོག་མ་ཅེས་འབོད་ན་འདོད་ཡོད།། །། ༢༠༡༡་་༥་་༢་་ཉིན་བྲིས།།