ཨུ་རུ་སུའི་སྲིད་འཛིན་ལྐོག་གསོད་བྱེད་ཐབས་བརྩམས་པའི་ཉེས་འཛུགས་བྱས་ཀྱང་ཁས་ལེན་བྱས་མི་འདུག

ཡུག་རེན་གྱིས་ཨུ་རུ་སུའི་སྲིད་འཛིན་ལྐོག་གསོད་བྱེད་ཐབས་བརྩམས་རུང་། ཨུ་རུ་སུའི་སྲིད་འཛིན་ལ་རྨས་སྐྱོན་ཕོག་མེད་པ་མ་ཟད། ཨུ་རུ་སུས་ཌོ་རོན་གནམ་གྲུ་གཉིས་གཏོར་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༣ ཉིན་(NDTV) གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་ཨུ་རུ་སུའི་སྲིད་འཛིན་གྱི་སྡོད་གནས་སུ་མི་མེད་གནམ་གྲུ་(Drone) ཞེས་པ་དེ་བཏང་ནས་བཙན་རྒོལ་བྱས་ཡོད་པ་དང་། ཟླ་འདིའི་ཚེས་༣ ཉིན་ཨུ་རུ་སུས་བཙན་རྒོལ་བྱེད་མཁན་དེ་ནི་ཡུག་རེན་རེད་ཅེས་ཡུག་རེན་ལ་ཉེས་འཛུགས་བྱས་ཡོད་འདུག

ཨུ་རུ་སུས་ཡུག་རེན་གྱིས་ཨུ་རུ་སུའི་སྲིད་འཛིན་གྱི་སྡོད་གནས་སུ་ཌོ་རོན་གནམ་གྲུ་བཏང་ནས་ཨུ་རུ་སུའི་སྲིད་འཛིན་ལྐོག་གསོད་བྱེད་ཐབས་བརྩམས་ཡོད་ཀྱང་། ཐབས་ཤེས་དེ་ལེགས་གྲུབ་བྱུང་མེད་པ་མ་ཟད། ཨུ་རུ་སུས་ཡུག་རེན་གྱི་ཌོ་རོན་གནམ་གྲུ་གཉིས་གཏོར་ཡོད་ཅེས་དང། ཨུ་རུ་སུའི་སྲིད་འཛིན་ལ་རྨས་སྐྱོན་ཕོག་མེད་ཅིང་། སྲིད་འཛིན་གྱི་སྡོད་གནས་ཁང་པ་སོགས་ལ་ཡང་གཏོར་སྐྱོན་གང་ཡང་བྱུང་མེད་རབས་བརྗོད་འདུག

ཨུ་རུ་སུས་ཡུག་རེན་ལ་ཉེས་འཛུགས་བྱས་རྗེས་ཡུག་རེན་གྱི་སྲིད་འཛིན་གྱིས་ང་ཚོས་སོ་སོའི་ས་ཐོག་ཏུ་འཐབ་འཛིན་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་དག་སྲུང་སྐྱོབ་བྱེད་བཞིན་ཡོད། ང་ཚོས་ཨུ་རུ་སུ་དང་ཨུ་རུ་སུའི་སྲིད་འཛིན་ལ་ཕར་རྒོལ་བྱེད་མེད་ལ། ང་ཚོ་ལ་ཕར་རྒོལ་བྱེད་པའི་མཚོན་ཆ་འདང་ངེས་ཤིག་ཀྱང་མེད་ཅེས་བརྗོད་ཡོད་འདུག

ཟླ་འདིའི་ཚེས་༣ ཉིན་རྒྱ་གར་གྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་ཟུར་པ་ཌ་མེ་ཌ་རེ་(Dmitry Medvedev) ཡིས་ཡུག་རེན་གྱིས་མཚན་གཅིག་ལ་ཌོ་རོན་གནམ་གྲུ་བཏང་ནས་བཙན་རྒོལ་བྱས་ཡོད་པ་དང་། ཨུ་རུ་སུས་ཡུག་རེན་གྱི་སྲིད་འཛིན་དང་ཁོང་གི་ཤོག་ཁག་རྣམས་མེད་པ་བཟོ་རྒྱུ་ལས་གདམ་ཁ་གཞན་ལྷག་ཡོད་མ་རེད་ཅེས་བརྗོད་འདུག

ཨ་རིའི་གསང་བའི་མི་སྣ་ཟུར་པ་(Mick Mulroy) ཡིས་གལ་སྲིད་གནས་ཚུལ་དེ་དངོས་སུ་བྱུང་ཡོད་ན། ཡུག་རེན་གྱིས་ཨུ་རུ་སུའི་སྲིད་འཛིན་གྱི་འགྲོ་འདུག་ལ་གཟབ་ནན་གྱི་དོ་སྣང་བྱེད་བཞིན་ཡོད་པས་གནས་ཚུལ་དེ་བྱུང་བའི་སྐབས་སུ་ཨུ་རུ་སུའི་སྲིད་འཛིན་ས་གནས་དེ་ལ་མེད་པས་གནས་ཚུལ་དེ་ལྐོག་གསོད་བྱེད་ཐབས་ཤིག་འདྲ་བོ་མི་འདུག་ཅེས་བྷི་བྷི་སི་གསར་ཁང་ལ་གསུངས་འདུག

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚལ་སྤེལ་བ་ལྟར་ན། ཕྱི་ལོ་༢༠༠༢ དང་༢༠༠༣ ལོ། དེ་བཞིན་ཕྱི་ལོ་༢༠༢༢ སོགས་སུ་ཨུ་རུ་སུའི་སྲིད་འཛིན་ལྐོག་གསོད་བྱེད་ཐབས་ཀྱི་གནས་ཚུལ་ཐེངས་༦ ཙམ་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།