མཛད་འཕྲིན་ལ་བསྟོད་པ་རླབས་ཀྱི་ཟིལ་མ།

 

 

                     

རིས་མེད་བྱམས་བརྩེའི་ཆུ་འཛིན་ཕུང་པོ་དྭངས་གཙང་མཁའ་ལ་མངོན་པ་རྒྱུ།།

གཙང་ཆབ་བདུད་རྩིའི་གསུང་དབྱངས་ཟབ་མོ་འཇིག་རྟེན་སྐྱེ་རྒུའི་ལྟོར་བ་རུ།།

འཁྱིལ་ཏེ་སྡུག་གི་འཆིང་རྒྱར་གྲོལ་ནས་དཔྱིད་དཔལ་འོད་ཀྱི་གུར་ཁྱིམ་ནང་།།

བདེ་སྐྱིད་མི་ཚེའི་མདུན་ལམ་གསར་པ་སྩོལ་མཛད་མགོན་མཆོག་ཕྱག་གི་ཡུལ།།

 

གོ་ལ་ཟླུམ་པོའི་ཆོས་ལུགས་དད་པའི་འཐེན་འཁྱེར་དུག་གི་སྡོམ་པོའི་རྩེར།།

རང་རང་བློ་ཡིས་ཀུན་ཏུ་བཏགས་པའི་སྲ་མཁྲིགས་ཡིད་ཆེས་གོང་པོ་ལ།།

འཆམ་མཐུན་སྨན་གྱི་རབ་མཛེས་མེ་ཏོག་ཤར་ནུབ་རྒྱལ་ཁམས་རྒྱན་པའི་ནོར།།

ཁྱོད་གསུང་དྲི་མེད་གདངས་ལས་སྐྱེས་པས་དད་གསུམ་མཆོད་པ་ཁྱོད་ལ་འབུལ།།

 

ཕྲག་དོག་མཚེ་མའི་མལ་གདན་སྟེང་ལ་ཞི་བར་ཉལ་བའི་འཁྲུལ་སྣང་དང་།།

དམག་འཁྲུག་རྒྱལ་ཁའི་ང་རྒྱལ་ཁྲོད་ན་བདེ་སྐྱིད་ཉི་མའི་དཀྱིལ་འཁོར་དང་།།

འགྲན་སེམས་ཚོར་བའི་དྲགས་ཤུགས་ངོས་སུ་ཡར་རྒྱས་ཐབས་ཀྱི་མཆོག་གྱུར་རྣམས།།

གཞོམ་པར་མཛད་དེ་ལམ་བཟང་སྟོན་མཛད་རྒྱལ་དབང་མཆོག་ལ་གུས་ཕྱག་འཚལ།།

 

ཞི་བདེའི་འོད་སྣང་རབ་དཀར་ཕུང་པོ་ས་ཆེན་གོ་ལའི་དཀྱིལ་འཁོར་དུ།།

ཟླ་མེད་ཐབས་མཁས་བློ་གྲོས་ཡངས་པོས་འཇིག་རྟེན་སྣོད་བཅུད་ཡོངས་ཀྱི་ཁམས།།

གསོ་ཕྱིར་བརྩེ་བའི་རླབས་ཀྱི་ཕུང་པོས་ཆད་མེད་ཀུན་ཏུ་སྩོལ་མཛད་པའི།།

བདག་ཅག་དྲིན་ཅན་རྩ་བའི་བླ་མ་མགོན་མཆོག་ཁྱོད་ལ་གུས་པས་བསྟོད།།

 

ཤར་ནུབ་རྒྱལ་ཁབ་ཀུན་གྱི་དབུ་ཁྲིད་རྣམ་དཔྱོད་རིག་པ་ལྡན་རྣམས་ཀྱིས།།

བྱམས་དང་བརྩེ་བའི་མགོན་མཆོག་ཁྱོད་ཀྱི་གསུང་དབྱངས་ཟབ་མོ་ཁུ་བྱུག་གླུ།།

ཐོས་སླད་ལེ་བར་སྟོང་གིས་ཆོད་པའི་མཐའ་ཡས་རྒྱ་མཚོའི་ཕ་མཐའ་ནས།།

ཁེངས་དྲེག་མགོ་བོ་བྲང་ལ་ལྷུང་སྟེ་ངལ་བ་བརྒྱ་ཕྲག་དང་དུ་བླངས།།

 

ཤར་ནུབ་རྒྱལ་ཁམས་ཀུན་གྱི་སྐྱེ་བོས་གཟིངས་བསྟོད་བྱ་དགའི་རྟགས་མའི་གྲངས།།

འཛམ་གླིང་འདི་རུ་གྲགས་ཅན་མི་སྣ་སུས་ཀྱང་བརྙེས་པར་མ་གྱུར་པ།།

མགོན་མཆོག་ཁྱོད་ལ་དགའ་འབོད་དང་བཅས་ཕུལ་བའི་མཛད་སྒོ་གྲངས་ལས་འདས།།

དེང་གི་གོ་ལ་ཟླུམ་པོའི་ལྟོར་ལ་སྙན་གྲགས་བསེར་བུས་མཁའ་ལ་བཏེགས།།

 

ཆོས་ལྡན་བོད་ཁམས་ཞི་བདེའི་ནགས་སུ་དམར་ནག་མེ་ལྕེ་རྒྱ་ཡིས་སྤར།།

ཆོས་ལྡན་བོད་མིའི་ཚེ་སྲོག་ཕྲ་མོ་དམར་པོའི་དམག་གིས་བཙན་གྱིས་འཕྲོགས།།

ཆོས་ལྡན་བོད་ཀྱི་ཆོས་ལུགས་རིག་གཞུང་དམར་པོའི་ཀླ་ཀློས་ཧར་གྱིས་བཏོར།།

ཆོས་ལྡན་བོད་མིའི་༸སྐྱབས་མགོན་ཆེན་པོ་འཕགས་པའི་ཡུལ་དུ་ཞབས་ཀྱིས་བཅགས།།

 

གངས་ཅན་བོད་པའི་རིག་གཞུང་ཟབ་མོ་སླར་ཡང་འཛམ་གླིང་ཀུན་ལ་དར།།

གངས་ཅན་བོད་པའི་ན་གཞོན་བྱིས་པ་ཤེས་རིག་སློབ་གླིང་གྲྭ་རུ་བཙུད།།

གངས་ཅན་བོད་པའི་རང་དབང་ཞི་བདེ་འཆར་ལ་ཉེར་བའི་མཛད་ཆེན་བསྐྱངས།།

གངས་ཅན་བོད་མིའི་ཞི་བདེ་ཉི་མ་མྱུར་དུ་བོད་ལ་འཆར་དུ་གསོལ།།

 

སྐུ་ན་གཞོན་པའི་དུས་ཀྱི་སྐབས་སུའང་རྣམ་དཔྱོད་རིག་པའི་མེ་འབར་ཞིང།།

སྔར་སྲོལ་བོད་ཀྱི་སྲིད་དབང་ཕྱོགས་ལྷུང་རིས་མེད་སྲང་གི་སྲོལ་བཙུགས་ཏེ།།

སྐྱིད་སྡུག་འདྲེས་མའི་གངས་ཅན་པ་ཡི་མགོ་བོར་ཉི་གཞོན་འཛུམ་པའི་ཞལ།།

ཤར་ཏེ་དད་གུས་པད་དཀར་གཞོན་ནུའི་འདབ་མ་སྟོང་གི་འཛུམ་ཞལ་གྲོལ།།

 

༸རྒྱལ་མཆོག་བཅུ་གསུམ་ཆེན་པོའི་དགོངས་བཞེད་ཕྱག་ཏུ་བསྟར་བའི་མཛད་པ་ཀུན།།

སྲ་མཁྲིགས་རྙིང་ཞེན་སྲིད་ཀྱི་དབང་འཛིན་བློ་ཆུང་རྣམས་ཀྱིས་བཀག་པ་དང།།

ཀླ་ཀློའི་བཙན་འཛུལ་ཆེས་མྱུར་དབང་གིས་གཞི་བཟང་སྤུས་ལེགས་མ་བྱུང་ཡང།།

འཕགས་པའི་ཡུལ་དུ་སྲིད་དབང་བཙུགས་ནས་མང་གཙོའི་ལམ་བཟང་སྟོན་པར་མཛད།།

 

ཉེར་གཅིག་དུས་ཀྱི་འགྱུར་འགྲོས་ལ་ལྟོས་སྔོན་མེད་སྲིད་ཀྱི་ལམ་བཟང་དང།།

རིས་མེད་ཆོས་རྒྱུན་སྔར་སྲོལ་བཟང་པོ་ཉམས་མེད་ལྷུན་པོ་བཞིན་དུ་སྲུང།།

འཇིག་རྟེན་འདི་ཡི་མཁས་བླུན་ཀུན་གྱིས་བསྔགས་པའི་མེ་ཏོག་ཚོམ་བུའི་ཕྲེང།།

དད་གསུམ་སྤྲོ་བའི་ཕྱག་ཟུང་ཡངས་པོས་མགོན་མཆོག་ཁྱོད་ལ་རྟག་ཏུ་འབུལ།།

 

རྒྱལ་ཀུན་བརྩེ་ཆེན་གཅིག་ཏུ་བསྡུས་ཏེ་ངུར་སྨྲིག་གར་དུ་རྣམ་པར་རོལ།།

ཁམས་གསུམ་སྐྱེ་རྒུའི་འདོད་དོན་སླད་དུ་མཛད་འཕྲིན་སྐར་ཚོགས་གྲངས་ལས་འདས།།

ལྷ་ཆེན་ཚངས་པས་ལྕེ་བརྒྱ་སྤྲུལ་ཡང་ཇི་བཞིན་བརྗོད་པ་ནུས་མ་མིན།།

འོན་ཀྱང་ཁོ་བོའི་དད་གསུམ་རྩེ་མོས་རྒྱ་མཚོའི་ཐིགས་པ་ཙམ་ཞིག་བླངས།།

 

ཁམས་གསུམ་སྐྱེ་འགྲོའི་བདེ་དོན་སླད་དུ་བརྩེ་ཆེན་ཉི་མའི་དཀྱིལ་འཁོར་འབུམ།།

གངས་ཅན་སྐྱེ་རྒུའི་བཟོད་དཀའི་ངལ་བ་གྲངས་མེད་རྒྱ་ལས་གྲོལ་བའི་ཕྱིར།།

འོད་ཀྱི་གུར་ཁྱིམ་ཟེར་བརྒྱ་སྤྲོ་བཞིན་འགྱུར་མེད་རྡོ་རྗེའི་ཕུང་པོའི་ཁམས།།

གསེར་རི་ལྷུན་པོའི་གཟི་བརྗིད་འབར་ལྟར་བསྐལ་པའི་བར་དུ་བརྟན་པར་གསོལ།།

འབྲས་སྤུངས་སྤོམ་ར་ཁམས་ཚན་གྱི་གྲྭ་ལི་ཐང་བློ་བསྟན་གྱིས་ཕྱི་ལོ་༢༠༡༡ཟླ་༥ཚེས་༧ཉིན་སྤྲོ་བ་ཆེན་པོའི་ངང་རྒྱ་གར་བྱང་ཕྱོགས་དྷ་རམ་ར་ལར་བྲིས།