དགའ་ལྡན་ཕོ་བྲང་བྱ་དགའ་དང་ཕུལ་བྱུང་བྱ་དགའ་ཐོབ་མཁན་བོད་ཕྲུག་ ༡༠ བྱུང་འདུག

ཕྱི་ལོ་ ༢༠༢༣ ལོའི་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་ཁྱབ་ཁོངས་བོད་སློབ་ཁག་ནས་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ནང་འཛིན་རིམ་བཅུ་གཉིས་དང་བཅུ་པ་གཉིས་ཀྱི་སློབ་ཕྲུག་གྲངས་ ༢༡༥༢ མཉམ་ཞུགས་གནང་བའི་ཁྲོད་སློབ་མ་གྲངས་ ༢༡༠༥ ཡིག་རྒྱུགས་འཕྲོད་ཡོད་པ་དང་། གཞན་སློབ་མ་གྲངས་ ༦༨ བསྐྱར་རྒྱུགས་གཏོང་དགོས་ཀྱི་ཡོད་འདུག

འདི་ལོའི་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ནང་སམ་བྷོ་ཊ་དང་། བོད་ཁྱིམ། མ་སུ་རི་བོད་ཁྱིམ་བཅས་ནས་འཛིན་རིམ་བཅུ་གཉིས་ཀྱི་སློབ་མ་གྲངས་ ༡༠༥༥ དང་འཛིན་རིམ་བཅུ་པའི་སློབ་མ་གྲངས་ ༡༡༡༤ མཉམ་ཞུགས་གནང་ཡོད་པ་མ་ཟད། འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་འཕྲོད་པའི་སློབ་མ་གྲངས་ ༡༠༣༨ བྱུང་ཡོད་འདུག སྤྱི་ཡོངས་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨་༣༩ དང་ཆ་སྙོམ་གྱི་བརྒྱ་ཆ་ ༧༣་༡༧ ཡིན་པ་དང་། བསྐྱར་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་ ༡༧ ཡོད་འདུག་ལ། དེ་བཞིན་འཛིན་རིམ་བཅུ་པའི་ཡིག་རྒྱུགས་འཕྲོད་པའི་སློབ་མ་གྲངས་ ༡༠༦༧ དང་། སྤྱི་ཡོངས་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༥་༧༩ དང་ཆ་སྙོམ་བརྒྱ་ཆ་ ༦༡་༢༤ དང་། བསྐྱར་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་ ༤༧ བྱུང་ཡོད་འདུག

ཕྱི་ལོ ༢༠༢༣ ལོའི་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འབྲས་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ཡན་ལོན་པའི་སློབ་མ་རྣམས་ལ་པང་ཐོག་གློག་ཀླད་ (Laptop)རེ་དང་ལག་འཁྱེར་གནང་རྒྱུ་གཏན་འཁེལ་བ་བཞིན། འདི་ལོའི་ཕུལ་བྱུང་བྱ་དགའ་ཐོབ་མཁན་སློབ་མ་ལྔ་ནི། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་སྐལ་བཟང་ལ་བརྒྱ་ཆ་ ༩༦་༤ དང་། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་འཛོམས་སྐྱིད་ལ་བརྒྱ་ཆ་ ༩༦། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཡར་འཕེལ་ལ་བརྒྱ་ཆ་ ༩༦། མ་སུ་རི་བོད་ཁྱིམ་གྱི་སློབ་གྲྭའི་སློབ་མ་བསྟན་འཛིན་བདེ་སྐྱིད་ལ་བརྒྱ་ཆ་ ༩༥་༤། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་ཉི་མ་མཚམས་གཅོད་ལ་བརྒྱ་ཆ་ ༩༥་༢ བཅས་ཡིན་འདུག

དེ་བཞིན་བོད་སློབ་ཁོངས་ཀྱི་སྡེ་ཚན་ཁག་ནས་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་སྦྱང་འབྲས་རྩེར་སོན་རྣམས་ལ་དགའ་ལྡན་ཕོ་བྲང་བྱ་དགའ་གནང་བཞིན་ཡོད་པ་ལྟར། འདི་ལོའི་དགའ་ལྡན་ཕོ་བྲང་བྱ་དགའ་ཐོབ་མཁན་བོད་སློབ་སྡེ་ཚན་ཁག་ནས་སློབ་མ་བཅུ་ནི། ཚན་རིག་སྡེ་ཚན་ནས་སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་གཡུ་སྒྲོན་ལ་བརྒྱ་ཆ་ ༩༣.༨ དང་། མོན་གྷོ་སཾ་བྷོ་ཊ་གཏན་སློབ་ཀྱི་སློབ་མ་འཆི་མེད་བསྟན་འཛིན་དབྱངས་འཛོམས་ལ་བརྒྱ་ཆ་ ༩༣.༦། མོན་གྷོ་སཾ་བྷོ་ཊ་གཏན་སློབ་ཀྱི་སློབ་མ་བསྟན་འཛིན་འཕྲིན་ལས་ལ་བརྒྱ་ཆ་ ༩༢.༢། སྒྱུ་རྩལ་སྡེ་ཚན་ནས་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་འཛོམས་སྐྱིད་ལ་བརྒྱ་ཆ་ ༩༦།  མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་བདེ་སྐྱིད་ལ་བརྒྱ་ཆ་ ༩༥.༤། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཡར་འཕེལ་ལགས་ལ་བརྒྱ་ཆ་ ༩༦། མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་བདེ་སྐྱིད་ལ་བརྒྱ་ཆ་ ༩༥.༤། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་ཉི་མ་མཚམས་གཅོད་ལ་བརྒྱ་ཆ་ ༩༥.༢། ཚོང་ལས་སྡེ་ཚན་ནས་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་སྐལ་བཟང་ལ་བརྒྱ་ཆ་ ༩༦.༤ དང་། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་མཁའ་འགྲོ་ལ་བརྒྱ་ཆ་ ༩༢.༢། སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཆོས་དབྱངས་ལ་བརྒྱ་ཆ་ ༩༡ བཅས་རེད་འདུག

དགའ་ལྡན་ཕོ་བྲང་བྱ་དགའ་ནི་ཕྱི་ལོ་ ༢༠༠༢ ལོར་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་ངོ་ ༣༦༠ འཁོར་བའི་དུས་ཆེན་སྲུང་བརྩི་དང་བསྟུན་ནས། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་༧རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱིས་དབུ་འཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་དྲིན་རྗེས་དྲན་དང་། རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ ཡིག་རྒྱུགས་ནང་ཚན་རིག་དང་། སྒྱུ་རྩལ། ཚོང་ལས་བཅས་སྡེ་ཁག་སོ་སོའི་ཁོངས་སུ་སྦྱང་འབྲས་རྩེར་སོན་གྱི་སློབ་མ་གསུམ་རེར་གནང་སྲོལ་ཡོད་པ་དང་། བཀའ་ཤག་སྐབས་ ༡༤ པའི་སྐབས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ པའི་ཁྲོད་བརྒྱ་ཆ་ ༩༥ ཡན་ལོན་མཁན་སློབ་མ་རྣམས་ལ་ལོ་ལྟར་སྲིད་སྐྱོང་སློབ་ཡོན་གཟེངས་རྟགས་ཞེས་གནང་སྲོལ་ཡོད་ཀྱང་། འདི་ལོ་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕུལ་བྱུང་བྱ་དགའ་ཞེས་གནང་རྒྱུ་ཡིན་འདུག

གསར་འགོད་པ། ཆོས་གྲགས།