༸གོང་ས་མཆོག་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་འདུག
ཟླ་འདིའི་ཚེས་༢༠ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ཐུགས་སྨོན་སྐྱབས་འཇུག་མཛད་རྗེས་བཀའ་སློབ་བསྩལ་སོང་ལ། ༧སྐབས་དེར་གོང་ས་མཚོག་གིས་དེ་རིང་སྐབས་སུ་བབ་པ་མ་ཎི་དུང་སྒྲུབ་བྱེད་རྒྱུ་འགོ་འཛུགས་ཀྱི་ཡོད་པ་རེད། མ་ཎི་ཡག་པོ་སོགས། འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་བསྔགས་བགྲང་བ་དང་ཆབས་ཅིག་གཙོ་བོ་སྙིང་རྗེའི་ལྷ་ཡིན་སྟབས། སྙིང་རྗེ་སྒོམ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག བྱང་ཆུབ་ཀྱི་སེམས་བསམ་པ་བཟང་པོ་བྱས་ནས་སྒོམ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱིར་བཏང་གི་མི་དང་བསྡུར་ན་བོད་མི་རྣམས་འཛུམ་མུལ་མུལ་ལྟ་བུ་ཞིག་ཡོད་པ་དེ་མུ་མཐུད་རྒྱུན་འཛིན་བྱེད་ཐུབ་དགོས། མི་རབས་གསར་པ་ཡོང་མཁན་རྣམས་ཀྱང་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་གི་མི་རེད། བསམ་པ་བཟང་པོ་བྱེད་དགོས་ཞེས་པ་འདི་ཕྲུ་གུ་ཆུང་ངུ་སྐབས་ནས་སེམས་ལ་འཇགས་ཐུབ་པ་ཞིག་ཚང་མས་གནང་ཤོག་ཨང་།

མ་ཎི་བསག་རྒྱུ་དེ་ཚིག་ཙམ་མིན་པར་གཞན་ཕན་གྱི་བློ་དེར་བསམ་བློ་ཡག་པོ་བཏང་། ལག་ལེན་གྱི་ཐོག་ནས་ཀྱང་གང་ཐུབ་གཞན་ཕན་བསྒྲུབ་རྒྱུ་དང་། གཞན་ལ་བརྣབ་སེམས་དང་གནོད་སེམས་དེ་འདྲ་མི་བྱེད་རྒྱུ་ནི་བོད་པའི་གོམས་གཤིས་ཡིན་པ་མ་ཟད། འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཀྱི་རྟགས་མཚན་ཡང་དེ་དག་ཆགས་ཡོད། ང་ཚོ་ཚང་མས་ཧུར་ཐག་གནང་ཤོག་ཨང་། མ་ཎི་དུང་སྒྲུབ་ཀྱི་སྙིང་པོ་ནི་བྱང་ཆུབ་ཀྱི་སེམས་བསྒོམས་ནས་བསམ་བློ་ཡག་པོ་གཏང་རྒྱུ་དེ་རེད། བོད་ནང་འགྱུར་བ་ཏན་ཏན་ཡོང་ས་རེད། དེང་སྐབས་རྒྱ་ནག་ནང་འགྱུར་བ་འགྲོ་བཞིན་འདུག འདིར་ངོས་ལ་འབྲེལ་བ་དེ་འདྲ་ཡོང་བཞིན་འདུག རིང་པོར་མི་ཐོགས་པར་གཞིས་ལུས་རྒྱ་ཆེ་མི་མང་དང་ང་ཚོ་ཚང་མ་ཐུག་ནས་རྩེ་ཕོ་བྲང་དང་ཇོ་བོ་དེ་དག་ཡག་པོ་མཇལ་རྒྱུ་དང་། ལྷ་སར་བཞུགས་ཁྲི་གླིང་ཁ་ཞེས་རྒྱ་ཆེན་པོ་ཞིག་ཡོད་པ་དེར་ངོས་ཀྱིས་སངས་རྒྱས་པའི་ཆོས་ངོ་སྤྲོད་དང་འབྲེལ་ནས་སོ་སོར་བསམ་ཚུལ་ཡོད་པ་དེ་ཕྲན་བུ་བཤད་རྒྱུའི་གོ་སྐབས་ཤིག་ཕལ་ཆེར་ཡོང་རྒྱུའི་བཟོ་འདུག ཚང་མས་ཧུར་ཐག་གནོངས། དེ་རིང་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་ནས་མ་ཎི་དུང་སྒྲུབ་བྱེད་ཀྱི་ཡོད་པ་རེད། ཁ་ནས་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་ཚིག་ཙམ་བརྗོད་པ་མིན་པར་སེམས་ཀྱི་གཏིང་ནས་བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་ཐོག་བསམ་བློ་གཏོང་ཐུབ་ན། སྟོང་ཉིད་ཀྱི་ལྟ་བ་དང་འབྲེལ་ནས་ཐབས་ཤེས་ཟུང་འབྲེལ་གྱི་བློ་སྦྱང་རྒྱུ་དེ་དག་ཚང་མས་གང་ཐུབ་གཟབ་གཟབ་གནང་ཤོག
ངོས་ཀྱི་ངོས་ནས་ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་གྱི་ཡོད། གང་ལྟར་ཁྱེད་རང་ཚོ་ངོས་ཀྱི་ཆོས་གྲོགས་རེད། ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བསྒོམ་རྒྱུར་ཚང་མས་ཧུར་ཐག་གནང་ཤོག་ཨང་། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ་ཞེས་བཀའ་སློབ་བཀའ་དྲིན་བསྩལ་སོང་།
གསར་འགོད་པ། བློ་བཟང་རྒྱ་མཚོ།
