སྲིད་བློན་མུ་དྷི་ཡི་གྲོས་ཚོགས་དབུ་འབྱེད་ལ་ཆབ་སྲིད་ཚོགས་པ་༢༠ ཡི་ངོ་རྒོལ།
ཟླ་འདིའི་ཚེས་༢༥ ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་འདིའི་རེས་གཟའ་ཉི་མའི་ཉིན་རྒྱ་གར་གྱི་སྲིད་བློན་མུ་དྷི་ཡིས་རྒྱ་གར་གྱི་གྲོས་ཚོགས་ཀྱི་ཚོགས་ཁང་གསར་པ་ཞིག་དབུ་འབྱེད་བྱེད་རྒྱུ་དང། དེ་ལ་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་༢༠ ཡིས་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་གྲོས་ཚོགས་ཀྱི་ཚོགས་ཁང་གསར་པ་དེ་ཕྱི་ལོ་༢༠༢༡ ཟླ་༡ པའི་ནང་འཛུགས་སྐྲུན་གྱི་ལས་གཞི་དངོས་སུ་འགོ་བཙུགས་ཡོད་པ་དང་། ཐོག་མའི་ཆར་གྲོས་ཚོགས་ཚོགས་ཁང་དེའི་ཆེད་དུ་ཧིན་སྒོར་ཀ་རོ་༨༦༢ ཙམ་གཏོང་རྒྱུའི་འཆར་གཞི་བཏིང་ཡོད་ཀྱང་ད་ལྟའི་ཆར་འགྲོ་སོང་ཧིན་སྒོར་ཀ་རོ་༡༢༠༠ ཙམ་ཕྱིན་ཡོད་འདུག
གྲོས་ཚོགས་ཀྱི་ཚོགས་ཁང་གསར་པ་དེ་ཟླ་འདིའི་ཚེས་༢༨ ཉིན་རྒྱ་གར་གྱི་སྲིད་བློན་མུ་དྷི་ཡིས་དབུ་འབྱེད་བྱེད་རྒྱུའི་གཏན་འབེབས་བྱས་འདུག་ཀྱང་། རྒྱ་གར་ནང་ཡོད་པའི་ཆབ་སྲིད་ཚོགས་པ་མང་པོས་རྒྱ་གར་གྱི་སྲིད་འཛིན་ལ་དབུ་འབྱེད་བྱེད་བཅུག་དགོས་ཞེས་ངོ་རྒོལ་བྱས་ཡོད་འདུག
ཉེ་ཆར་རྒྱ་གར་གྱི་ཕྱོགས་འགལ་ཆབ་སྲིད་ཚོགས་པ་༡༩ ཡིས་གྲོས་ཚོགས་ཀྱི་ཚོགས་ཁང་གསར་པ་དེ་རྒྱ་གར་གྱི་སྲིད་འཛིན་ཌེ་རུ་པ་དཱི་མུརྨུ (Droupadi Murmu) ལ་དབུ་འབྱེད་བྱེད་བཅུག་དགོས་པ་ལས་སྲིད་བློན་མུ་དྷི་ལ་བྱེད་བཅུག་མི་རུང་ཞེས་ངོ་རྒོལ་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་འདུག དེ་མིན་(AIMIM) ཞེས་པའི་ཆབ་སྲིད་ཚོགས་པས་དབུ་འབྱེད་མཛད་སྒོ་ལ་འགྲོ་རྒྱུ་མིན་ཞེས་བརྗོད་ཡོད་པ་མ་ཟད་(BRS) ཞེས་པའི་ཆབ་སྲིད་ཚོགས་པས་ཀྱང་ཡོངས་ཁྱབ་གསལ་བསྒྲགས་སྤེལ་མེད་ན་ཡང་མཛད་སྒོ་ལ་མཉམ་ཞུགས་བྱེད་རྒྱུ་མིན་ཞེས་བརྗོད་ཡོད་འདུག
སྲིད་བློན་མུ་དྷི་ཡིས་རྒྱ་གར་གྱི་གྲོས་ཚོགས་ཀྱི་ཚོགས་ཁང་གསར་པའི་རྨང་གཞི་འཛུགས་སྐྲུན་གྱི་མཛད་སྒོའི་སྐབས་སུ་རྒྱ་གར་གྱི་སྲིད་འཛིན་ཟུར་པ་གདན་འདྲེན་ཞུས་མེད་པ་དང་། ད་ལྟའི་ཆར་རྒྱ་གར་དབུས་གཞུང་གིས་གྲོས་ཚོགས་ཀྱི་ཚོགས་ཁང་གསར་པའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་དུ་བློན་ཆེན་ཁག་དང་དྲུང་ཆེ་སོགས་ལ་གདན་ཞུ་ཕུལ་ཡོད་ཀྱང་རྒྱ་གར་གྱི་སྲིད་འཛིན་ལ་གདན་ཞུ་ཕུལ་མེད་པར་བརྟེན། རྒྱ་གར་གྱི་ཆབ་སྲིད་ཚོགས་པ་མང་པོས་སྲིད་བློན་མུ་དྷི་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།