བདེན་དོན་བོར་བའི་ཁ་ཕྱོགས།

རྩོམ་སྒྲིག་པའི་གཏམ། བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས། ༩༤༨།

ད་ལྟའི་ཆར་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་དམག་འཁྲུག་བྱས་ནས་མི་ལོ་ཧྲིལ་པོ་གཅིག་དང་ཟླ་གསུམ་ལྷག་འདས་ཟིན་པ་དང་། ཡུག་རེན་གྱིས་ཨུ་རུ་སུ་ལ་གདོང་ལེན་བྱས་ནས་མི་རྒྱུ་གཉིས་ལ་ཚད་ལས་འདས་པའི་གོད་ཆག་བྱུང་ཡོད། ཨུ་རུ་སུ་ལ་མཚོན་ནའང་དམག་མི་འབུམ་ཕྲག་ཁ་ཤས་ཀྱི་ཚེ་སྲོག་ཤོར་ཡོད་པ་དང་། གོ་མཚོན་ཇི་སྙེད་ཅིག་འཕྲོ་བརླག་ཏུ་སོང་བ་མ་ཟད། རྒྱལ་ཁབ་མང་པོ་ཞིག་གི་དཔལ་འབྱོར་བཀག་སྡོམ་ལ་བརྟེན་ནས་རྒྱུ་ནོར་ལ་གྱོང་གུད་ཆེན་པོ་ཐེབས་ཡོད། ལྷག་པར་དུ་རྒྱལ་སྤྱིའི་སྟེང་ནས་ཨུ་རུ་སུ་ལ་ཆེ་མཐོང་ཉམས་པ་སོགས་ཕྱོགས་གང་ཐད་ནས་ཁེ་ལས་གྱོང་ཆེ་བ་ཆགས་ཡོད། རྒྱ་ནག་དང་། ཨི་རན། བྷེ་ལ་རུ་སུ་སོགས་ཀྱིས་ཨུ་རུ་སུ་ལ་མངོན་གསལ་དང་མངོན་གསལ་མིན་པའི་ཐོག་ནས་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ཡུག་རེན་ལ་ཨ་རི་དང་། ཡུ་རོབ་ཀྱི་རྒྱལ་ཁབ་ཕལ་ཆེ་བས་གཙོས་རྒྱལ་ཁབ་མང་པོས་མངོན་གསལ་དོད་པོའི་ཐོག་ནས་རྒྱབ་སྐྱོར་བྱེད་བཞིན་ཡོད་པས། འཛམ་གླིང་གི་རྒྱལ་ཁབ་རྣམས་ཕྱོགས་ཁག་གཉིས་སུ་གྱེས་ཡོད།
དམག་འཁྲུག་དེའི་སྐོར་གླེང་སྐབས་ཨུ་རུ་སུ་ལ་ཁག་མེད་པར་ཨ་རི་དང་། བྱང་ཆིངས་སྒྲིག་འཛུགས་ཀྱི་བྱེད་སྟངས་ལ་བརྟེན་ནས་ཡུག་རེན་ལ་དམག་མི་རྒྱག་ཀ་མེད་དུ་གྱུར་པ་རེད་ཟེར་བ་དང་། རྐྱེན་རྩ་གཙོ་བོ་ཨ་རི་དང་བྱང་ཆིངས་སྒྲིག་འཛུགས་ལ་ཐུག་ཡོད་ཟེར། དོན་དངོས་སུ་ཨུ་རུ་སུ་དང་། ཨ་རིས་སྣེ་ཁྲིད་པའི་བྱང་ཆིངས་སྒྲིག་འཛུགས་དབར་འགལ་ཟླ་ཡོད་པ་དང་། ཡུག་རེན་ས་ཁོངས་དང་ཆབ་སྲིད་གནས་སྟངས་གང་ཐད་ནས་ཨུ་རུ་སུ་ལ་གལ་གནད་ཆེན་པོ་ཇི་ལྟར་ཡིན་ཡང་། ཡུག་རེན་གྱི་ངོས་ནས་ཨུ་རུ་སུ་ལ་ལྟ་སྟངས་ག་རེ་ཡོད་ཀྱང་། ཨུ་རུ་སུས་ཡུག་རེན་ལ་དྲག་པོའི་དཔུང་གིས་བཙན་འཛུལ་བྱས་པར་རྒྱུ་མཚན་ཡག་པོ་གང་ཡང་བགྲང་རྒྱུ་མེད། ཨ་རི་དང་། བྱང་ཆིངས་སྒྲིག་འཛུགས་ཨུ་རུ་སུ་ལ་ཉེན་ཁ་ཞིག་ཡིན་པའི་དབང་དུ་བཏང་ཡང་། དེ་ལ་ཐད་ཀར་དམག་འཁྲུག་གམ་ཁ་གཏད་གཅོག་དགོས་པ་ལས། ཡུག་རེན་རྒྱལ་ཁབ་ཆུང་ཆུང་ཞིག་ལ་བཙན་འཛུལ་བྱས་པ་ནི། ཁོང་ཁྲོ་རྟ་ལ་ཟོས་ནས། རྡུང་རྒྱག་ཀ་བ་ལ་གཞུས་པ་ལྟ་བུར་གྱུར་ཡོད།
ཡུག་རེན་གྱི་ངོས་ནས་རྒྱལ་ཁབ་ཤོར་ཡང་། འཛུགས་སྐྲུན་ཁག་ལ་གཏོར་བཤིག་མི་འགྲོ་བ་དང་། ཆབ་འབངས་ཀྱི་ཚེ་སྲོག་མི་འཆོར་བའི་ཆེད་དུ་ཁ་གཏད་གཏན་ནས་མི་གཅོག་པར་ལག་པ་གནམ་ལ་བཀྱགས་ནས་ཨུ་རུ་སུར་འགོ་འགོགས་ཞུ་དགོས་པའི་ལྟ་ཚུལ་བརྗོད་མཁན་དག་ནི། རྒྱལ་ཁབ་སྐྱོང་སྟངས་ཀྱི་ཆབ་སྲིད་ལམ་ལུགས་ཐོག་ནས་བཤད་ན་ཕུགས་རྒྱང་ཀྱི་བསམ་བློ་གང་ཡང་མེད་པའི་གླེན་པ་ཤ་སྟག་ཏུ་གྱུར་ཡོད། ད་ལན་ཡུག་རེན་རྒྱལ་ཁབ་སྤྱི་དང་བྱེ་བྲག་སྲིད་འཛིན་ཛ་ལེན་སི་ཀེའི་ཡིས་ཐག་གཅོད་དང་གདོང་ལེན་གནང་ཕྱོགས་ནི། ཡུག་རེན་རྒྱལ་ཁབ་ཀྱི་ཕུགས་རྒྱང་རིང་པོའི་བསམ་བློ་ཉག་གཅིག་ཏུ་གྱུར་ཡོད། བོད་པ་རེ་ཟུང་གིས་ཀྱང་ཨུ་རུ་སུའི་བྱེད་སྟངས་ལ་མོས་མཐུན་ཡོད་པའི་རྣམ་འགྱུར་ཡོད་མཁན་མཐོང་ཐོས་བྱུང་བ་ནི། རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་དང་། བོད་མི་འབུམ་བཅུ་གཉིས་ལྷག་དུས་མིན་རྐྱེན་འདས་སུ་བཏང་བ། རྒྱལ་ཁབ་ཀྱི་བདག་དབང་དང་། མི་རིགས་ཀྱི་རང་དབང་འཕྲོགས་པར་སེམས་ཚོར་གང་ཡང་མེད་པ་རེད།
དོན་དངོས་སུ་བོད་པ་ཞིག་ཡིན་ཕྱིན་ཆད་ནས་དམག་འཁྲུག་དེ་དང་འབྲེལ་བའི་ཐོག་ནས། བཙན་གནོན་མྱོང་མཁན་གཅིག་པ་ཡིན་པའི་རྒྱུ་མཚན་ལ་བརྟེན། བསམ་བློའི་ཐོག་ནས་ཡུག་རེན་གྱི་རྒྱབ་ཏུ་ཡོད་ན་དེ་ནི་དྲང་བདེན་ལ་རྒྱབ་སྐྱོར་བྱས་པ་ཞིག་ཏུ་གྱུར་ཡོད། ཨ་རིའི་མང་གཙོ་ཚོགས་པ་དང་། སྤྱི་མཐུན་ཚོགས་པ་གང་རུང་གི་རྒྱབ་ཏུ་ལངས་ནས་ཚོར་བ་དང་ལངས་ཕྱོགས་བསྟན་པ་ནི་མི་སྒེར་གྱི་ལངས་ཕྱོགས་ཙམ་ལས། བཙན་འཛུལ་བྱེད་མཁན་དང་། བཙན་གནོན་མྱོང་མཁན་བར་གྱི་འགལ་འབྲེལ་ལྟ་བུ་མིན་པས། དེ་ལ་དོ་སྣང་གནང་རིན་དེ་ཙམ་མེད་པ་ལྟ་བུར་གྱུར་ཡོད། ད་ལྟ་ཡུག་རེན་གྱི་གནས་སྟངས་ལ་ཨ་རིས་གཙོས་རྒྱལ་ཁབ་མང་པོ་ཞིག་གིས་རྒྱབ་སྐྱོར་གནང་བཞིན་པའི་རྒྱབ་ལོགས་སུ་རང་ཉིད་ཀྱི་ཆབ་སྲིད་ཁེ་ཕན་དང་འབྲེལ་བ་ཡོད་མི་སྲིད་པ་མིན་ཡང་། ཡུག་རེན་ལ་བཙན་འཛུལ་བྱེད་སྐབས་འདི་ལྟ་བུའི་རྒྱབ་སྐྱོར་ཞིག་མེད་ན་དུས་ཡུན་ཐུང་ངུའི་ནང་ཨུ་རུ་སུས་ཡུག་རེན་གྱི་སྣོད་བཅུད་ཡོངས་རྫོགས་ཁྱུར་མིད་བཏང་ཚར་བ་རེད།
མདོར་ན་རང་ཉིད་ལ་ནུས་གང་ཡོད་པ་གཞིར་བཞག་ནས་ཧམ་ཤེད་ཅན་ལས། དྲང་བདེན་གྱི་རྒྱབ་ཏུ་ལང་ཐུབ་དགོས། ཡུག་རེན་ལ་རྒྱབ་སྐྱོར་གནང་མཁན་དག་ནི་དྲང་བདེན་ལ་རྒྱབ་སྐྱོར་གནང་བ་ཞིག་ཏུ་ངོས་འཛིན་བྱེད་མ་ཐུབ་ན་བཙན་བྱོལ་བོད་མི་ཞིག་ལ་མཚོན་ན་འཐབ་རྩོད་ཀྱི་བསམ་བློ་མེད་མཁན་ཞིག་ཏུ་གྱུར་ཟིན་པ་རེད། བོད་མི་རྣམས་རྒྱ་དམར་གཞུང་གི་བཙན་གནོན་གདུག་རྩུབ་འོག་ཡོད་སྟབས་དེའི་ཚོར་བ་དེ་ཡོད་དགོས་ངེས་རེད། ཨུ་རུ་སུའི་སྟོབས་ཤུགས་ལ་མགོ་འཁོར་ནས་འཕྲལ་གྱི་ཁེ་ཕན་ཙམ་ལས་བསམ་བློ་མ་བཏང་ན། འཐབ་རྩོད་དང་འབྲེལ་བའི་ཐོག་ནས་དྲང་བདེན་ཤོད་རྒྱུའི་སྤོབས་པ་དང་བྲལ་ཟིན་པ་རེད། གང་ལྟར་བོད་ལ་རྒྱ་དམར་གཞུང་གིས་བཙན་འཛུལ་བྱས་པ་དང་། ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱེད་སྟངས་དང་དམིགས་ཡུལ། ཐ་ན་བརྗོད་ཚིག་ཀྱང་གཅིག་པ་རེད། མི་འདྲ་ས་གཅིག་ཡོད་པ་ནི་བཙན་འཛུལ་ལ་ཁ་གཏད་གཅོག་རྒྱུའི་ནུས་པ་དང་བསམ་བློ། མཐུན་རྐྱེན་དང་རྒྱབ་སྐྱོར་གང་ཐད་བསྡུར་ཐབས་གཏན་ནས་མེད་པའི་ཁྱད་པར་ཆེན་པོ་ཡོད།།