སངས་མ་རྒྱས་བར་དུ་སློབ་གཉེར་ལ་ཚར་རྒྱུ་ཡོད་དམ།

ད་དུང་མི་མང་པོས་ཁོང་སློབ་གཉེར་ལ་མཐར་ཕྱིན་ཚར་བ་རེད་ཅེས་དང་། ལ་ལས་ང་རང་སློབ་གཉེར་ལ་ཚར་རྒྱུ་ལོ་གཉིས་ཙམ་ཡོད་དེ་ནས་ངེད་གཉིས་ལྷ་ས་རུ་ཐེངས་གཅིག་ངེས་པར་དུ་འགྲོ་ཟེར་བའང་ཕྲན་གྱིས་དངོས་སུ་གོ་མྱོང་ཡོད། མ་ཟད་རང་ཉིད་རྒྱ་གར་དུ་སླེབས་ནས་ལོ་ངོ་དྲུག་ལྷག་ཟིན་ཡོད་ཀྱང་སློབ་གཉེར་ལ་ཚར་རྒྱུ་ཞིག་ཡོད་དམ་སྙམ་པའི་དྲི་བ་ཞིག་དེ་བས་ཀྱང་སླེབས་མྱོང་མེད། ད་དུང་ངས་ཉིན་འགའ་ཤས་ཀྱི་སྔོན་དུའང་རང་ཉིད་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་ནང་དུ་སླེབས་ནས་སློབ་གཉེར་ག་ཚོད་ཀྱི་བགྱིས་ཡོད་མེད་ཞིབ་འཇུག་ཅིག་ཀྱང་བྱས་པ་ཡིན་ལ་མ་ཟད་རང་ཉིད་ད་ལྟ་འཛིན་གྲྭ་ག་ཚོད་ཅིག་སླེབས་ཡོད་མེད་དང་། ཕར་ཕྱིན་རབ་འབྱམས་པར་ག་དུས་ཐོན་མིན་དང་།

 

ད་དུང་དབུ་མ་རབ་འབྱམས་པ་སོགས་མདོར་ན་དགེ་བཤེས་ལྷ་རམས་པའི་དམ་བཅའ་མ་འཇོག་བར་དུ་བདག་ལོ་ངོ་ཇི་ཙམ་བསྡད་དགོས་མིན་བརྟག་དཔྱད་ཐེངས་ཤིག་ཀྱང་བྱས་པ་ཡིན། ཕྲན་ལ་མཚོན་ན་གྲྭ་ཚང་གི་ཕར་ཕྱིན་རབ་འབྱམས་པ་ཐོན་རྒྱུ་ལ་ད་དུང་ལོ་ངོ་གསུམ་ཙམ་ཡོད་ལ་ལོ་གསུམ་གྱི་རྗེས་སུ་ཡང་དབུ་མའི་གཞུང་ལ་སློབ་གཉེར་བྱེད་དགོས་ལ་དབུ་མ་ལོ་གསུམ་བལྟས་རྗེས་ད་དུང་འདུལ་བ་ལོ་བཞི་དང་མ་ཟད་ཉེར་ཆར་གསར་དུ་བཟོས་པའི་མཛོད་ལོ་གཉིས་བལྟས་རྗེས་གཞི་ནས་དགེ་ལུགས་རྒྱུགས་སྤྲོད་ལོ་བཞི་ལ་འགྲོ་དགོས་དེའི་རྗེས་སུ་ད་གཟོད་གཞི་ནས་དགེ་བཤེས་ལྷ་རམས་པ་ཞིག་ཆགས་ཀྱི་རེད་ལ། སྐབས་དེར་བདག་གིས་ཀྱང་རང་ཉིད་སློབ་གཉེར་ལ་ཚར་བ་ཡིན་བསམ་པ་གཏན་གཏན་ཡོང་གི་རེད་སྙམ་གྱིན་ཡོད། འོན་ཀྱང་དོན་དམ་པར་རང་ཉིད་ད་དུང་སློབ་གཉེར་ལ་ཚར་ཡོད་དམ་ཞེས་ན་གཏན་ནས་མེད་ཟེར་བ་ལས་ཡོད་ཟེར་བར་ག་ལ་རུང་སྟེ། རྒྱུ་མཚོན་ནི་སློབ་གཉེར་ནི་རང་ཉིད་སངས་མ་རྒྱས་ཀྱི་བར་དུ་བྱེད་དགོས་པའི་བྱ་བ་ཞིག་ཡིན་པས་སོ། དེ་ཡང་ཇི་སྐད་དུ། རྗེ་ཙོང་ཁ་བ་ཆེན་པོས་ལམ་རིམ་ཆེན་མོ་ལས། ཤ་ར་བའི་ཞལ་ནས། འཚང་མ་རྒྱས་བར་དུ་སློབ་གཉེར་ལ་ཚར་བ་མེད། སངས་རྒྱས་ཙ་ན་སློབ་གཉེར་ལ་ཚར་བ་ཡིན་ནོ་ཞེས་བསྡོམས་ཚིག་ཅིག་ཀྱང་བཀོད་འདུག

མ་ཟད་གཞི་ཆེ་ས་ནས་གླེང་ན་སློབ་གཉེར་ནི་རང་ཉིད་ཀྱི་མི་ཚེ་ནང་གི་བྱ་བ་གལ་འགང་ཅན་ཞིག་ཡིན་པར་སྨྲོས་མ་དགོས་མོད། དེའི་འཇུག་འབྲས་ཀྱི་ཡོན་ཏན་རྣམ་དག་ཅིག་རང་ཉིད་ཀྱི་བརྒྱུད་ལ་བསྐྱེད་མིན་ནི་གང་ཟག་རང་རང་གི་བརྩོན་འགྲུས་ལ་རག་ལས་ཏེ། དེ་ཡང་ཇི་སྐད་དུ་དཔལ་ལྡ་ཟླ་བ་གྲགས་པས་ཞལ་ནས། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འབྲང་ཞིང་། ཞེས་ཀྱང་གསུངས་འདུག

དེའི་ཕྱིར་བདག་གི་འདི་འབྲི་དགོས་པའི་དམིགས་ཡུལ་ཡང་ངེད་ཅག་བོད་མི་རིགས་འདི་ཉིད་ནི་སྐད་དང་ཡི་གེ་སོགས་ཧ་ཅང་གི་གཉན་འཕྲང་ཅན་གྱི་དུས་སྐབས་ཤིག་ལ་སླེབས་ཡོད་ལ། དེ་ཙམ་དུ་མ་ཟད་ད་ལྟ་བོད་ཕྱི་ནང་གཉིས་ཀྱི་ལས་དབང་སྟེ། འབྱུང་འགྱུར་དུས་སྐབས་གང་འདྲ་ཞིག་ལ་བསྒྱུར་མིན་ནི་ངེད་ཅག་བོད་མི་ས་ཡ་དྲུག་གི་གཞོན་སྐྱེས་ཚོའི་ལག་ཏུ་ཡོད་པས། དེའི་ཕྱིར་ ཇི་སྐད་དུ་མཁས་དབང་དགེ་ཆོས་ཀྱིས་ཞལ་ནས། རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས། ཞེས་པ་ནས རང་གི་ནུས་པའི་སྲིད་ཞུ་ཅུང་ཟད་སྒྲུབས། གསུངས་པ་ལྟར་གོང་བཀོད་ཀྱི་སྐྱེས་བུ་དམ་པ་དང་མཁས་པའི་དབང་པོ་ཚོས་ལས་བཤད་འདི་དག་ཅིག་ནས་ཀྱང་གསང་ལམ་གྱི་གད་སྙིགས་ཁྲོད་དུ་མ་གཡུགས་བར་བློ་གཟུར་བོ་གནས་པའི་སྒོ་ནས་བསམ་གཞིགས་རྣལ་མ་ཞིག་བྱས་ཏེ་སློབ་གཉེར་ལ་རང་རང་ཧོར་ཐག་བྱེད་རོགས་ཞེས་འབོད་སྐུལ་དུ་བྲིས་སོ། ༢༠༡༡་་་༤་་་༢༠་དགུང་མོར་རང་ཤག་བྲིས་སོ།། །།