ཨ་རྒྱ་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་མཇལ་འཛོམས་དང་འབྲེལ་ལམ་བསྐྱར་གསོ།


ཁ་སང་གཟའ་ཉི་མའི་ཉིན་མི་ལོ་ལྔའི་རྗེས་སུ་ཨ་རྒྱ་གཉིས་ཀྱི་འགོ་ཁྲིད་མཇལ་འཛོམས་དང་པོ་དེ་བྱས་ཡོད་པ་དང་། ཐེངས་འདིའི་མཇལ་འཛོམས་དེ་ནི་ཨ་རྒྱ་གཉིས་ཀྱི་འདས་པའི་ལོ་མང་རིང་རྩོད་རྙོག་ཅན་གྱི་གནད་དོན་དུ་མ་ཞིག་ཡོད་པ་དེ་དག་ཞི་འཇམ་ཡོང་ཐབས་ལ་གལ་ཆེན་ཆགས་ཀྱི་ཡོད་འདུག 

ཕྱི་ཚེས་༡༨ ཉིན་ནས་ཨ་རིའི་ཕྱི་སྲིད་བློན་ཆེན་ཨན་ཐོ་ནེ་བྷི་ལི་ཀན་ལགས་རྒྱ་ནག་ལ་གཟིགས་སྐོར་དུ་ཕེབས་ཡོད་པ་དང། སྤྱིར་བཏང་ཁོང་ཟླ་བ་ཁ་ཤས་སྔོན་དུ་རྒྱ་ནག་ལ་གཟིགས་སྐོར་ཕེབས་འཆར་ཡོད་ཀྱང། རྒྱ་ནག་གིས་གསང་མྱུལ་ལྒང་ཕུག་ཞིག་ཨ་རིའི་མཁའ་དབྱིངས་སུ་བཏང་བར་བརྟེན། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སྔར་ལས་ཇེ་སྡུག་ཏུ་ཕྱིན་ནས་ཨ་རིའི་ཕྱི་སྲིད་བློན་ཆེན་རྒྱ་ནག་ལ་ཕེབས་འཆར་དེ་ཕྱིར་འཐེན་བྱས་ནས་ད་བར་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་མ་ཐུབ་ནས་ལྷག་ཡོད་འདུག

ཐེངས་འདིའི་ཨ་རིའི་ཕྱི་སྲིད་བློན་ཆེན་རྒྱ་ནག་ལ་ཕེབས་པ་དེ་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་ཡོང་བར་གལ་ཆེན་ཆགས་ཀྱི་ཡོད་པ་དང།  སྤྱིར་ཨ་རྒྱ་གཉིས་ཀྱི་བར་འདས་པའི་ལོ་དུ་མའི་རིང་རྩོད་རྙོག་མང་པོ་ཞིག་གིས་རྐྱེན་པས་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་ཐེབས་པ་ཡོད་པར་བརྟེན། ཕྱི་ལོ་༢༠༡༨ ནས་ད་ལྟ་བར་འབྲེལ་ལམ་བསྐྱར་གསོ་ཐུབ་མེད་པའི་རྐྱེན་གྱིས་ཐེངས་འདིར་ཨ་རིའི་ཕྱི་སྲིད་བློན་ཆེན་རྒྱ་ནག་ལ་ཕེབས་པ་འདི་འབྲེལ་ལམ་བསྐྱར་གསོའི་ཆེད་ཡིན་པ་དང། དེ་ཡང་ཚོང་འབྲེལ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས། དེ་བཞིན་ཐེ་ཝན་གྱི་གནད་དོན་སོགས་གནད་དོན་དུ་མ་ཞིག་གི་སྐོར་གྲོས་མོལ་བྱེད་རྒྱུ་ཡིན་པ་གསར་འགྱུར་བརྒྱུད་ལམ་ཁག་ནས་རྗོད་བཞིན་འདུག

ཐེངས་འདིའི་ཨ་རིའི་ཕྱི་སྲིད་བློན་ཆེན་ཨན་ཐེ་ནེ་བྷི་ལི་ཡིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིང་ཀང་(Qin Gang)དང་ཐུག་འཆར་ཡོད་ཀྱང་། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ཐུག་འཆར་ཡོད་མེད་གསལ་ཆ་གང་ཡང་མི་འདུག འཛམ་གླིང་ནང་སྟོབས་ལྡན་རྒྱལ་ཁབ་ཨ་རྒྱ་གཉིས་ཀྱི་བར་མི་མཐུན་པའི་རྩོད་གཞི་དུ་མར་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་སྐབས་ཨ་རྒྱ་གཉིས་ཀྱི་བར་ཚོང་འབྲེལ་གྱི་གནད་དོན་དང་འབྲེལ་བའི་རྩོད་རྙོག་དུ་མ་ཞིག་བྱུང་སྟེ་ཕྱི་ལོ་༡༩༧༩ ནས་ད་བར་གྱི་འབྲེལ་ལམ་ཆེས་སྡུག་ཤོས་སུ་གྱུར་འདུག ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་སླེབས་རྗེས་འབྲེལ་ལམ་དེ་ཙམ་བསྐྱར་གསོ་མ་ཐུབ་པ་མ་ཟད། རྒྱ་ནག་གི་དངོས་ཟོག་དུ་མ་ལ་ཉེས་ཆད་བཅད་ནས་སྔར་ལས་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་འདུག ད་ཆར་ཨ་རྒྱ་གཉིས་ཀྱི་འགྲན་རྩོད་བྱེད་སའི་གནད་དོན་གཙོ་བོ་ཞིག་ནི་གློག་ཀླད་ཀྱི་མ་ལག་ཁག་ཅིག་དང་འབྲེལ་བའི་རྩོད་རྙོག་ཐུག་གི་ཡོད་པ་དང། དེང་གི་སྤྱི་ཚོགས་ཁྲོད་འཕྲུལ་རིགས་ཇི་ཙམ་ནུས་པ་ཆེ་བ་ཡོད་ན་དེ་ཙམ་གྱིས་རྒྱལ་ཁབ་དེ་སྟོབས་ལྡན་དུ་འགྱུར་བཞིན་ཡོད་པར་བརྟེན། ཨ་རྒྱ་གཉིས་ཀྱི་བར་གློག་ཀླད་ཀྱི་ནུས་པ་ཆེ་ཆུང་གི་འགྲན་རྩོད་འགྲོ་བཞིན་ཡོད་པ་རེད། 

ཨ་རིའི་གློག་ཀླད་དང་འབྲེལ་བའི་མ་ལག་མང་པོ་ཞིག་རྒྱ་ནག་ལ་བཙོང་རྒྱུ་བཀག་སྡོམ་བྱེད་བཞིན་ཡོད་པ་དང་།  དེ་སྔོན་རྒྱ་ནག་གིས་གསང་མྱུལ་གྱི་ལྒང་ཕུག་ཞིག་ཨ་རིའི་མཁའ་དབྱིངས་སུ་བཏང་བ་དེས། ཨ་རིས་རྒྱ་ནག་ལ་སྐྱོན་བརྗོད་ཆེན་པོ་བྱས་ཡོད། ཨ་རིའི་གནམ་དམག་གིས་ལྒང་ཕུག་དེ་མཁའ་དབྱིངས་སུ་གཏོར་ཡོད་པ་མ་ཟད། དེ་རྗེས་རྒྱ་ནག་གིས་ཨུ་རུ་སུ་ལ་དཔལ་འབྱོར་དང་དམག་གི་མཚོན་ཆའི་རིགས་ཀྱི་རོགས་རམ་བྱས་ན་མི་འགྲིག་ཅེས་ཉེས་བརྡ་ཡང་ཡང་བཏང་ཡོད། ད་ཆར་ཨ་རྒྱ་གཉིས་ཀྱི་བར་ཐེ་ཝན་གྱི་གནད་དོན་དང། ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་དང་འབྲེལ་བའི་རྩོད་རྙོག་མང་པོ་ཞིག་གིས་རྐྱེན་པའི་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐབས་འདིར་ཐེངས་འདིའི་མཇལ་འཛོམས་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།