རྒྱ་ནག་ནང་གི་མཐོ་རིམ་འགོ་ཁྲིད་རྣམས་ལ་དམ་དྲག

རྒྱ་ནག་ནང་ཞིས་ཅིན་ཕིང་གིས་འགོ་ཁྲིད་འོག་ད་ཆར་རྒྱ་ནག་གི་འགོ་ཁྲིད་རྣམས་ཀྱང་དམ་དྲག་འོག་གནས་དགོས་འབྱུང་བཞིན་ཡོད་པ་དང། ཞིས་ཅིང་ཕིང་ནི་རྒྱ་ནག་གི་ལོ་རྒྱུས་ནང་སྲིད་འཛིན་དབང་ཆ་ཆེ་ཤོས་དེ་འགྱུར་བཞིན་ཡོད་པ་གསར་འགྱུར་བརྒྱུད་ལམ་ཁག་ནང་རྗོད་བཞིན་འདུག

ཕྱི་ཚེས་༢༠ ཉིན་རྒྱལ་སྤྱི་དང་རྒྱ་གར་གྱི་གསར་ཁང་ཁག་ནང་གནས་ཚུལ་ཐོན་གསལ་ལ། ཉེ་ཆར་རྒྱ་ནག་ནང་གི་མཐོ་རིམ་དམག་དོན་ལྷན་ཁང་ནས་ད་ལྟར་ལས་གནས་ནང་ཡོད་པའི་བཅིངས་འགྲོལ་དམག་མི་དང། རྒན་ཡོལ་ཞུས་ཟིན་པའི་བཅིངས་འགྲོལ་དམག་མི་ཟུར་པ་རྣམས་ཀྱི་དབང་ཤུགས་མི་མང་ཁྲོད་མ་ཁྱབ་པའི་ཆེད་ཁྲིམས་ཤིག་བཟོས་ཡོད་འདུག ཁྲིམས་དེ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ཁོ་རང་ཚོགས་གཙོ་ཡིན་པའི་མཐོ་རིམ་དམག་དོན་ལྷན་ཁང་དེས་གཏན་འབེབས་བྱས་ཡོད་འདུག 

ཁྲིམས་དེའི་དམིགས་ས་གཙོ་བོ་གནད་དོན་བརྒྱད་ཡོད་འདུག་ཅིང། རྒྱ་ནག་གི་ཆབ་སྲིད་དང་སྒྲིག་བཅོས་ཞིབ་བཤེར་ལྷན་ཁང་ནས་བཅིངས་འགྲོལ་དམག་མི་དང་དམག་མི་ཟུར་པ་རྣམས་ཀྱིས་སྤྱི་ཚོགས་ཁྲོད་སྒྲིག་གཞི་དང་མི་མཐུན་པའི་བྱ་སྤྱོད་རིགས་སྤེལ་མིན་ལ་ལྟ་སྲུང་བྱེད་རྒྱུ་ཡིན་འདུག དེ་བཞིན་ཁྲིམས་ལུགས་དེ་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་དང། གཞུང་གི་སྡེ་ཚན་ཁག་གི་འགོ་ཁྲིད། གཞུང་གི་ཚོང་ལས་སྡེ་ཚན། སྤྱི་ཚོགས་ཀྱི་བདེ་དོན་ཚོགས་པ་ཁག གསར་ཁང་ཁག ཉམས་ཞིབ་སྡེ་ཚན་ཁག གྲངས་ཉུང་མི་རིགས་ཁག་དང་ཆོས་ལུགས་ཀྱི་སྡེ་ཁག ཕྱི་རྒྱལ་གྱི་ཚོང་ལས་སྡེ་ཁག དྲྭ་ཐོག་ནས་འབྲེལ་འདྲིས་བྱེད་མཁན། འགོ་ཁྲིད་རྣམས་ཀྱི་ནང་མི་བཅས་ལ་ལག་བསྟར་བྱེད་རྒྱུ་ཡིན་འདུག མ་འོངས་པ་ཁྲིམས་ལུགས་དེ་ཡིས་དམར་ཤོག་ཚོགས་པ་ལ་དགའ་ཞེན་དང་ཏང་གི་མངོན་འདོད་སྒྲུབ་ཐབས་ལ་ཕན་རླབས་ཆེན་པོ་ཡོད་ཚུལ་དང་། དེ་བཞིན་འགོ་ཁྲིད་རྣམས་ཁྲིམས་ལུགས་གཞིར་བཟུང་ནས་སྤྱི་ཚོགས་ནང་ཁྲིམས་འགལ་རིགས་མི་ཡོང་བའི་ཆེད་དུ་ཡིན་པར་བརྗོད་འདུག 

རྒྱ་ནག་གི་ལྷོ་ཕྱོགས་ཆབ་སྲིད་དང་ཁྲིམས་ལུགས་གཙུག་ལག་མཐོ་སློབ་ཀྱི་སྲིད་དོན་སློབ་དཔོན་(NI Lexiong )ཡིས་བརྗོད་དོན་ལ་འདི་ལྟ་བུའི་ཁྲིམས་ལུགས་ཤིག་སྲིད་འཛིན་མའོ་སྐབས་སུ་ཡང་བྱུང་མྱོང་མེད། འོན་ཀྱང། དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་འདི་ལྟ་བུའི་ཁྲིམས་ལུགས་ཤིག་དགོས་མཁོ་ཆེན་པོ་འདུག རྒྱུ་མཚན་ནི་རྒྱ་ནག་གི་དམག་མིའི་ནང་ལྐོག་བཟའ་རུལ་སུངས་ཕོན་ཆེན་ཡོད་པ་དང། དེ་བཞིན་ད་ཆར་བཅིངས་འགྲོལ་དམག་མི་དང་དམག་མི་ཟུར་པ་ཚོའི་དབང་ཤུགས་སྤྱི་ཚོགས་ཀྱི་སྡེ་ཁག་མང་པོ་དང། ས་གནས་མང་པོའི་སྲིད་དོན་ཚོགས་པ། ཚོང་ལས་སྡེ་ཁག་སོགས་ནང་ཡོད་པར་བརྟེན། ཁྲིམས་ལུགས་འདི་ལྟ་བུ་ཞིག་ཡོད་ན་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཕན་གྱི་རེད་ཅེས་བརྗོད་འདུག དཔེར་ན། རྒྱ་ནག་གི་དམག་མིའི་ཁྲོད་ཆང་རག་འཐུང་རྒྱུ་ནི་རྒྱུན་ལྡན་ལྟ་བུ་ཡིན་ཡང། ཕྱི་ལོ་༢༠༡༢ ལོར་ཞིས་ཅིན་ཕིང་དབུས་དམག་མིའི་འགོ་པ་ཆགས་རྗེས་ཆང་རག་བཀག་སྡོམ་བྱས་ཡོད་ཅེས་བརྗོད་ཡོད་པ་དང་། 

དེ་བཞིན་(Guangzhou Colleg of Commerece) གཙུག་ལག་མཐོ་སློབ་གྱི་སློབ་དཔོན་Zeng Zhiping བརྗོད་དོན་ལ་བཅིངས་འགྲོལ་དམག་མི་ལ་གདམ་ཀ་གཉིས་ལས་ཡོད་མ་རེད། གཅིག་དེ་ཁྲིམས་ལུགས་གཏན་འབེབས་གཞིར་བཟུང་ལག་བསྟར་ཕྱི་གསལ་ནང་གསལ་བྱས་ནས་འགྲོ་རྒྱུ་དང་ཡང་ན་ཚང་མས་ཁྲིམས་ལུགས་དེ་ངོས་ལེན་མི་བྱེད་པ་བྱ་རྒྱུ་དེ་རེད་ཅེས་བརྗོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།