རྒྱ་དམར་གཞུང་གིས་རང་དང་བསམ་ཚུལ་མི་མཐུན་པ་དག་ལ་རྡུང་རྡེག་ལག་བསྟར་བྱེད་འཆར། 

ད་ཆར་རྒྱ་ནག་དམར་ཤོག་གཞུང་གིས་རྒྱ་རིགས་མི་མང་ཁྲོད་དམར་ཤོག་ཚོགས་པ་དང་བསམ་ཚུལ་མི་མཐུན་པ་དག་ལ་དམིགས་ནས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནས་རྒྱལ་ཞེན་རིང་ལུགས་ཀྱི་ཤེས་ཡོན་སྲིད་བྱུས་ཟེར་བ་ཞིག་ལག་བསྟར་བྱེད་འཆར་ཡོད་འདུག

ཕྱི་ཚེས་༢༨ ཉིན་ཐེ་ཝན་དུས་བབ་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་དམར་ཤོག་གཞུང་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནས་རྒྱལ་ཞེན་རིང་ལུགས་ཀྱི་ཤེས་ཡོན་སྲིད་བྱུས་ཟེར་བ་ཞིག་ལག་བསྟར་བྱེད་འཆར་ཡོད་འདུག ཤེས་ཡོན་སྲིད་བྱུས་དེའི་དམིགས་ས་གཙོ་བོ་ནི་ཐེ་ཝན་དང། མེ་ཁག་ཝོ ཧོང་ཀོང་བཅས་ཀྱི་ནང་ཡོད་པའི་རྒྱ་ནག་དམར་ཤོག་གཞུང་དང། ཆབ་སྲིད་ཀྱི་ལྟ་བའམ་ལངས་ཕྱོགས་མི་མཐུན་པ་ཕྱི་ཕྱོགས་ལ་ཡོད་པ་དང་ནང་ལ་ཡོད་པའི་རྒྱ་རིགས་མི་མང་རྣམས་ལ་ཡིན་པ་ཐེ་ཝན་ཤེས་ཡོན་པ་ཞིག་གིས་བརྗོད་ཡོད་འདུག 

ཤེས་ཡོན་སྲིད་བྱུས་དེ་གཟའ་ཟླ་བའི་ཉིན་རྒྱ་ནག་མི་དམངས་མཐུན་མི་ཚོགས་ཆེན་ཐོག་བསྐྱར་ཞིབ་བྱེད་རྒྱུ་ཡིན་པ་རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་བརྗོད་ཡོད་འདུག ཤེས་ཡོན་སྲིད་བྱུས་དེའི་ནང་རྒྱ་ནག་གི་ལོ་རྒྱུས་དང། རིག་གཞུང་། རྒྱལ་ཁབ་ཀྱི་གནས་སྟངས། དེ་བཞིན་ཐེ་ཝན་དང་། མེ་ཁག་ཝོ། ཧོང་ཀོང་བཅས་ཀྱི་ས་ཁུལ་དེ་དག་སྔོན་མ་ནས་རྒྱ་ནག་རྒྱལ་ཁབ་གཅིག་གི་ཁོངས་གཏོགས་ཡིན་པ་ངོ་སྤྲོད་བྱས་ནས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་ལ་ཤུགས་གནོན་རྒྱག་འཇུག་དགོས་པར་བརྗོད་ཡོད་འདུག 

ཐེ་ཝན་གྱི་རྒྱལ་ས་ཐེ་པེར་ཡོད་པའི་(Aisa-Pacific Elite Interchange Association)ཟེར་བའི་ཚོགས་པའི་ཚོགས་མི་Wang Chihsheng བརྗོད་དོན་ལ། རྒྱ་ནག་གིས་ཐེ་ཝན་གནད་དོན་དང་འབྲེལ་བའི་ལྟ་བ་ཞིག་བཟུང་ཡོད་པ་ནི་རྒྱ་ནག་དང་ཐེ་ཝན་གཉིས་ཀྱི་ལོ་རྒྱུས་དང་རིག་གཞུང་ལ་ཤུགས་བརྒྱབས་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྲ་བརྟན་གཏོང་ཐབས་བྱེད་ཀྱི་ཡོད་པར་བརྗོད་པ་དང་། ད་དུང་ཁོང་གིས་བརྗོད་དོན་ལ་རྒྱ་ནག་གིས་ཁྲིམས་ལུགས་གཏན་འབེབས་བྱས་ནས་ཁྲིམས་ཐོག་ནས་རྒྱ་ནག་གིས་ཐེ་ཝན་ལ་རྒོལ་ལན་སློག་འདོད་ཡོད་པ་རེད་ཅེས་བརྗོད་འདུག 

(Cross-Strait Policy Association )ཟེར་བའི་ཉམས་ཞིབ་ལྟེ་གནས་ཁང་ཞིག་གི་ཉམས་ཞིབ་པ་Wu Se-chih བརྗོད་དོན་ལ་རྒྱ་ནག་གཞུང་གིས་ཁྲིམས་ལུགས་གཏན་འབེབས་དང་། མི་མང་ཁྲོད་རྒྱལ་ཞེན་རིང་ལུགས་ཁྱབ་སྤེལ་བྱས་ནས་ཐེ་ཝན་དེ་རྒྱ་ནག་གི་ཁོངས་གཏོགས་ཡིན་ཚུལ་བརྗོད་འདོད་པ་རེད་ཅེས་བརྗོད་འདུག་ལ། ཁྲིམས་ལུགས་དེ་འདྲ་ཞིག་གཏན་འབེབས་བྱས་ནས་རྒྱ་ནག་རང་གི་ལངས་ཕྱོགས་དྲིལ་བསྒྲགས་བྱེད་པ་ལས། ཐེ་ཝན་མི་མང་གི་འདོད་ཕྱོགས་ལ་སྣང་མེད་བཏང་བ་རེད་ཅེས་བརྗོད་འདུག ད་དུང་ཁོང་གིས་བརྗོད་དོན་ལ་རྒྱ་ནག་དམར་ཤོག་གཞུང་གིས་སོ་མྱུལ་འགོག་རྒོལ་གྱི་ཁྲིམས་དང། རྒྱལ་ཞེན་རིང་ལུགས་ཀྱི་ཤེས་ཡོན་སྲིད་བྱུས་ཟེར་བའི་ཁྲིམས་ལུགས་དག་ལག་བསྟར་བྱས་ནས་ཕྱི་ནང་གི་དམར་ཤོག་གཞུང་དང་མི་མཐུན་པའི་མི་རྣམས་ལ་མནར་གཅོད་དང་རྡུང་རྡེག་བྱེད་རྒྱུ་ཡིན་པར་བརྟེན། མ་འོངས་པ་ཐེ་ཝན་མི་མང་རྣམས་རྒྱ་ནག་ལ་འགྲོ་རྒྱུར་ཉེན་ཁ་ཡོད་པར་བརྗོད་འདུག །

གསར་འགོད་པ། བསོད་ནམས་ཕུན་ཚོགས།