ཡིད་སྐྱོ་བའི་བོད་པ་ང་དང་ངའི་རིགས།
ད་དུང་བོད་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་། རྩ་ཁྲིམས་སོགས་དུས་གཅིག་དུ་མེད་པ་ཆགས་འགྲོ་བའི་དྭོགས་པ་ཞིག་མཚན་མོའི་རྨི་ལམ་ཚུན་ནས་སེམས་ངོགས་སུ་འཆར་མ་མྱོངས་པ་ཞིག་དང་འཆར་ཀྱང་མི་སྲིད་པ་ཞིག་ཡིན་པ་མ་ཟད། བོད་ཀྱི་བསྟན་སྲིད་མི་རིགས་འདིའི་དོན་གྱི་བདག་པོ་གཞིས་ལུས་རྒྱ་ཆེའི་མི་མང་གི་ཁྲོད་ན་མེ་སྒྱོག་དང་། མེ་མདའ། ལག་ལྕགས་དང་བཙོན་ར། གདུག་རྩུབ་དྲག་གནོན་གྱི་ངར་ཁ་ལྷན་སྐྱེས་སུ་ལུས་དང་མི་འབྲལ་བར་གནས་པའི། གུང་ཁྲིན་ཏིང་གི་ཉེན་རྟོག་པ་དང་དམག་མི་སོགས་ཀྱི་ཁྲོད་ན་རིན་བྲལ་གཅེས་སྲོག་བོད་རྒྱལ་ཁབ་དང་མི་རིགས་འདིའི་ཆེད་དུ་ཕུལ་དང་འབུལ་བཞིན་པའི་དཔའ་རྒོད་ཕོ་མོ་སུ་ཞིག་གིས་ཀྱང་། རང་རེ་བོད་རྒྱལ་ཁབ་འདིའི་གོང་དབུ་ཁྲིད་ཏཱ་ལའི་བླ་མ་ནས་། གཞུང་ས་དགའ་ལྡན་ཕོ་བྲང་གི་སྲིད་དབང་མིང་གནས་དང་བཅས་པ། ཕྱི་ནང་གི་འགལ་རྐྱེན་གང་ཡང་མེད་ཐོག་ནས། རང་རྒྱལ་རང་གིས་མེད་པ་བཏང་བ་དང་། རང་ཁྲིམས་རང་གིས་མེད་པར་བཟོ་བ། རང་གཞུང་རང་གིས་མེད་པ་གཏོང་འགྲོ་བའི་དུས་ངན་ཞིག་ཡོང་བ་ནམ་ཡང་དྲན་པའི་ཡུལ་མཆིས་མེད་པ་ཁ་མཚོན་བཅད་ནས་བཤད་ཐུབ་པ་ལྟ་བུ་ཞིག་རེད།
༧གོང་ས་༧་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བསྟན་བསྟན་མི་རིགས་ཀྱི་འཕྲལ་ཕུགས་ཡོངས་ལ་བླ་མེད་གཟིགས་རྟོགས་བཟང་པོ་དང་ལམ་སྟོན་གལ་ཆེན་དུས་ནས་དུས་སུ་ཕེབས་པ་ལས་གཙོ་བོ་ཞིག་ནི། དུས་ད་ནས་བཟུང་སྟེ་བོད་གཞུང་དགའ་ལྡན་ཕོ་བྲང་གིས་བོད་ཀྱི་སྲིད་ཕྱོགས་ལས་གནས་ཡོངས་རྫོགས་མཚམས་འཇོག་དགོས་པ་དང་། ༧བླ་མེད་དབུ་ཁྲིད་༧གོང་ས་མཆོག་ཉིད་ཀྱིས་ཀྱང་ས་ནས་བཟུང་བོད་ཀྱི་ཆབ་སྲིད་དབུ་ཁྲིད་ནས་དགོངས་པ་རྩ་ནས་ཞུས་པ་ཡིན་གསུང་བ་ཙམ་གྱིས་བོད་འབངས་སྐྱེས་འགྲོ་ཡོངས་ལ་བརྗོད་ཐུབ་བྲལ་བའི་ཚོ་བ་རྣོ་པོ་ཞིག་སླེབས་ཡོད་པ་རེད། ༧གོང་མཆོག་གིས་གལ་གནད་ཆེ་བའི་བཀའ་འབྲེལ་ལམ་སྟོན་ལ་གུས་བརྩི་དགོས་པར་སྣང་ལ། ཕྱི་ལོ་ ༡༩༤༢ ལོ་ནས་ད་བར་ཁྱོན་མི་ལོ་སུམ་བརྒྱ་དྲུག་བཅུ་ལྷག་གི་ལོ་རྒྱུས་ལེགས་ཉེས་ཟུང་ལྡན་གྱི་བོད་གཞུང་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་འདིའི་སྲིད་དབང་ཡོད་ཚད་དུས་ད་ནས་བཟུང་མཚམས་འཇོག་ངེས་པར་དུ་དགོས་གསུང་བར་རན་དང་མ་རན། འགྲིག་དང་མི་འགྲིག་སོགས་ཚོར་བ་བྱེ་བྲག་པ་རེ་ཡོད་བའི་བོད་མི་གང་མང་ཡོད་སྲིད་ཀྱང་གནས་སྐབས་རང་ཅི་མི་སྨྲ་བར་བསྡད་ཡོད་ངེས་རེད།
འོན་ཀྱང་། ཉེ་ཆར་གསར་དུ་བཙུགས་པའི་(ཟིན་བྲིས་ཚོགས་ཆུང་)ཟེར་བ་དེས་བཙན་བྱོལ་བོད་གཞུང་གི་མིང་གནས་བཅོས་བསྒྱུར་གྱིས་((བཙན་བྱོལ་བོད་མིའི་གཞུང་))ཟེར་བ་དང་ཡང་རྒྱལ་ཐམ་ངོས་ཀྱི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་བསྒྱུར་བཅོས་ཀྱིས་((བདེན་པ་ཉིད་རྒྱལ་གྱུར་ཅིག་))སོགས་མིང་གསར་འདི་ཚོའི་ཐད་ནས་ཚིག་འགའ་ཤས་བཤད་འདོད་བྱུང་ལ་མ་བཤད་གཡུགས་མི་ཐུབ་པ་ཞིག་ཏུ་གྱུར་སོང་མོད། མིང་བྱང་འདི་ལ་མཚོན་ན་རྣ་བས་གོ་ན་སྙན་པ་མེད་ལ་སེམས་ལ་དྲན་ན་སྐྱོ་བ་བར་མེད་ཞིག་ཡོང་བཞིན་འདུག རྒྱུ་མཚན་ནི་ཤེས་འཇོན་མྱོང་གསུམ་ལྡན་པའི་བཀའ་སྤྱི་གཉིས་ལས་གཙོ་བོར་གྲུབ་པའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་ཟེར་བ་དེས་སྤེལ་བའི་མིང་ཚིག་འདི་ཚོར་རྒྱབ་ལྗོངས་ཀྱི་ལོ་རྒྱུས་དང་མིང་བྱང་འདི་གཉིས་ལ་རིན་བྲལ་གྱི་ཁྱད་ཆོས་ངོམ་སུ་འོས་པ་ཞིག་མ་མཐོང་ལ་འདས་མ་ད་གསུམ་གྱི་བོད་གངས་ཅན་པའི་ཆོས་སྲིད་རིག་གཞུང་གི་བག་ཆགས་མཚོན་པའི་མིང་ཚིག་ཅིག་དང་མིང་བྱང་ཞིག་ཀྱང་ཡིན་པར་མ་ངེས།
གང་ལྟར་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་མིང་བྱང་འདི་ལ་མཚོན་ན་དོན་དངོས་ཐོག་ནས་མིང་བྱང་འདི་འཇོག་པ་པོའམ་རྩོམ་པ་པོ་སུ་ཞིག་ཡིན་རུང་ཁོ་རང་གིས་དམིགས་ཡུལ་བཞིན་ཕྱི་ནང་འགལ་ཟླ་ཡོང་ཚད་ནས་རྣམ་པར་རྒྱལ་ཏེ་རེ་འབྲས་མངོན་གྱུར་ཡོང་རེ་ཆེ་བ་ལས་མིང་བྱང་འདིར་འགལ་མེད་ལྷོད་ཡངས་ཀྱི་དུས་ཞིག་ལ་བློ་ཕ་ལ་མི་འདྲི་བཅོལ་མ་ལ་མི་བྱེད་པའི་དཔེ་ལྟར་གཞིས་ལུས་ཆོལ་གསུམ་བོད་མི་རྣམས་དང་ལྷན་དུ་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་མི་རིགས་འདི་དང་མི་རིགས་འདིའི་བསྟན་སྲིད་སྤྱི་ལ་བསམ་ནས་འདས་མ་འོངས་ད་ལྟ་དུས་གསུམ་ལ་དམིགས་ནས་ཆོས་སྲིད་གང་ཐད་ནས་སྣོན་འཕྲི་སྤོར་ལྕོག་དང་ལེགས་སྤེལ་ཉེས་འགོག་ཇི་ཞིག་དགོས་རུང་གྲོས་བསྡིར་བགྲོ་གླེང་ཨེ་ཡོང་གི་རེ་བ་ཙམ་མ་བྱས་པར་ཚ་ཚ་འུར་འུར་ངང་བྱེས་སུ་གནས་པའི་བོད་མི་ཉོས་ཤས་ཤིག་གི་བསམ་ཕྱོགས་བསྡུས་ཏེ་དེ་དག་བོད་མི་མང་གི་མངོན་འདོད་ཡིན་པར་བཞག་ནས་རང་ཐག་བཅད་པ་དེར་རྒྱུ་མཚན་ཡང་དག་ཅིག་གཏན་ནས་མ་མཐོང་། དེ་དང་འབྲེལ་བའི་ཁྲིམས་སྒྲིག་དགོས་དོན་ཡོངས་རྫོགས་ཀྱང་མི་དགོས་པ་ཞིག་ཏུ་གྱུར་ཏེ་བསྡུ་གསོག་བརྒྱབ་འགྲོ་བ་སེམས་སུ་འཆར་མེད་མ་ཟད་མིང་བྱང་འདིའི་ཁྱབ་ཁོངས་སུ་གནས་པའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཁྱབ་འབངས་མི་སེར་སུ་ཞིག་གིས་ཀྱང་གནས་ཚུལ་འདིའི་དགོས་པ་རྒྱུ་མཚན་ཡང་དག་ཅིག་ཞིབ་ལྟ་བྱེད་པའི་དུས་ཚོད་རག་མེད་ལ་གཞིས་ལུས་ཁྲོད་ཀྱི་ཡུལ་ལུང་འགའ་ཤས་ནང་གི་བོད་མི་ཚོས་གོ་ཐོས་ཙམ་ཡང་བྱུང་མེད་མོད།
ཟིན་བྲིས་ཚོགས་ཆུང་གིས་མིག་གཉིས་བཙུམ་ཏེ་ལག་གཉིས་ཐལ་མོ་བསྒྱར་ནས་བོད་བསྟན་སྲིད་ཆེད་གསོལ་བ་དང་སྨོན་ལམ་རྩེ་གཅིག་ཏུ་བཏབ་ཡོད་པ་ནི་(བདེ་པ་ཉིད་རྒྱལ་གྱུར་ཅིག་)ཅེས་པའི་ཚིག་འདི་རེད་ལ་སྨོན་ཚིག་འདིའང་ལོ་ངོ་འགའ་ཤས་རྗེས་ནས་རྒྱུ་མཚན་མེད་པ་ཤེས་ཏེ་ཡང་བསྒྱུར་བཅོས་གཏོང་དགོས་ཟེར་ངེས་རེད། དོན་དངོས་ཐོག་ནས་བཙན་བྱོལ་བོད་གཞུང་གི་བཀའ་སྤྱི་གཉིས་ལས་འགོ་ཁྲིད་པའི་ལྷན་ཁང་བདུན་ཏེ། ཆོས་རིག ནང་སྲིད། དཔལ་འབྱོར། ཤེས་རིག ཕྱི་འབྲེལ། བདེ་སྲུང་། འཕྲོད་བསྟེན་སོགས་ལྷན་ཁང་སོ་སོའི་ལས་དོན་གཙོ་བོར་བཟུང་བྱེད་དགོས་པ་དང་ལས་འགན་གཙོ་བོ་ནི་བོད་དོན་བདེན་མཐའ་གསལ་ཐབས་དང་བོད་གཞིས་བྱེས་སེམས་ཐག་ཉེ་ཡོང་ཐབས། གཞིས་སྡོད་བོད་མི་ཡོངས་ཀྱི་མངོན་འདོད་སྒྲུབ་རྒྱུ་དང་རྒྱ་གཞུང་གི་བོད་མི་བོད་ཡུལ་གནས་མི་ཐུབ་སོགས་ཀྱི་སྲིད་བྱུས་ལ་རྒྱལ་སྤྱིའི་སྤྱི་ཚོགས་རྒྱུད་ནས་ཡ་ལན་སློགས་དགོས་པ་སོགས་བཙན་བྱོལ་བོད་གཞུང་གིས་ལས་འགན་ཡིན། དེ་བཞིན་ཕྱི་སྡོད་བོད་མི་ཡོད་ཚད་ཀྱི་དཀའ་ངལ་སེལ་ཆེད་ཕྱི་སྡོད་བོད་མི་ཡོངས་ཀྱི་གནས་སྟངས་ལ་ལྟ་རྟོགས་བྱེད་རྒྱུ་དང་དེ་དག་གི་རྒྱུད་ལ་རང་དབང་མང་གཙོའི་ལྟ་གྲུབ་གཞི་བཞག་ཐོག་ནས་མཐུན་སྒྲིལ་དམ་ཟབ་ཡོང་ཐབས་ཆོས་དང་རིག་གཞུང་འཕྲོད་བསྟེན་ཤེས་བྱ་ད་དུང་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་སྐད་ཡིག་རྒྱུན་སྐྱོང་བྱེད་པ་སོགས་འཕྲག་ཏུ་བབ་པའི་ལས་འགན་རེད། ལ་དེའི་ཐད་ད་བར་༧གོང་ས་མཆོག་གིས་ཐུགས་རྗེ་བཀའ་དྲིན་འོག་གཞུང་ཞབས་སྲི་ཞུ་ཡོངས་ཀྱིས་འབད་འབོངས་ཤུགས་ཆེ་བྱས་པས་དབང་གིས་མི་རིགས་གཞན་ལ་ངོམས་སུ་འོས་པའི་བྱས་རྗེས་བཞག་ཡོད་ལ་གྲུབ་འབྲས་ཀྱང་ཧ་ཅང་ཡག་པོ་བྱུང་ཡོད་པར་བསྔགས་འོས་སུ་གྱུར་ཡོད་།
འོན་ཀྱང་དུས་ད་ནས་བཟུང་བོད་མིའི་དབུ་ཁྲིད་༧ཏཱ་ལའི་བླ་མ་༧གོང་ས་མཆོག་ཟེར་བ་ཞིག་མེད་པ་དང་བཙན་བྱོལ་བོད་གཞུང་ཟེར་བ་ཞིག་མེད་པ་ཆགས་ན་བོད་གཞིས་བྱེས་གཉིས་སུ་གནས་པའི་བོད་མི་རྣམས་ཀྱིས་བཙན་བྱོལ་བོད་མིའི་གཞུང་ཞེས་པ་དེར་སེམས་ཐག་རིང་འགྲོ་བ་དང་གུས་རྩི་ཡང་རང་བཞིན་གྱིས་ཆུང་འགྲོ་བའི་ཉེན་ཁ་ཧ་ཅང་ཆེ་ལ་རྒྱ་ནག་གཞུང་གིས་སྡིག་ར་མ་བཏང་བ་དང་རྒྱ་གར་གཞུང་གིས་ཉེན་བརྡ་མ་སླེབས་གོང་ནས་བཙན་བྱོལ་བོད་གཞུང་ཞེས་པའི་མིང་བྱང་འདི་ཕྱིར་བསྡུ་བྱེད་པ་ནི་རང་ཚུགས་མི་ཐུབ་རང་མགོ་མི་ཐོན་པའི་བྱིས་པ་ཞིག་གི་གནས་སྟངས་ལས་གཞན་མ་མཐོང་། རྒྱ་གར་ནག་གཉིས་སོགས་ཁ་ཆེ་ལག་རིང་གི་རྒྱལ་ཁབ་དེ་ཚོར་བསྟུན་མཁས་དང་ཞེན་སྣང་སོགས་བྱས་ཏེ་བཙན་བྱོལ་བོད་གཞུང་ཞེས་པའི་མིང་བྱང་འདི་བླངས་བ་ཡིན་ན་ད་སྔོན་མི་ལོ་ཧྲིལ་པོ་ལྔ་བཅུ་ལྷག་རིང་མིང་བྱང་འདི་ཅིའི་ཕྱིར་བསྡུ་བྱེད་དགོས་མ་ཐུག་པ་རེད། སྐབས་དེ་དུས་རྒྱ་དཀར་ནག་གཉིས་ཀྱི་སྲིད་ཕྱོགས་ལས་བྱེད་མཐོ་ཤོས་རྣམས་ཀྱིས་བོད་པ་སྐྱབས་བཅོལ་བ་རྣམས་སྙིང་རྗེ་སྐྱེས་ནས་(བཙན་བྱོལ་བོད་གཞུང་)ཞེས་བརྗོད་ན་འགྲིགས་པའི་ཆོག་མཆན་ཐོབ་པའམ་དམིགས་བསལ་བཏང་བ་ཞིག་རེད་དམ། གང་ལྟར་བཙན་བྱོལ་བོད་གཞུང་ཟེར་བའི་མིང་འདི་བཙན་བྱོལ་བོད་མའི་གཞུང་ཟེར་བའི་ངོ་བོ་བསྒྱུར་ན་ང་དང་ང་ལྟ་བའི་བོད་མི་དཀྱུས་མ་ཚོར་བཙན་བྱོལ་བོད་མའི་གཞུང་ཞེས་པའི་མིང་བྱང་འདི་རྣ་བར་ཐོས་མ་ཐག་ནས་ཕྱི་གླིང་ཁག་ཏུ་ཡོད་པའི་ས་གནས་བོད་རིགས་ཚོགས་པ་ཞིག་མིང་བྱང་ཙམ་ལས་འདས་མ་ད་གསུམ་གྱི་རང་ཉིད་ཀྱི་སྐྱིད་སྡུག་ལེགས་ཉེས་བཅོལ་ཡུལ་གྱི་ཆོས་སྲིད་ཟུང་དུ་འབྲེལ་བའི་སྲིད་གཞུང་མང་དོན་མཚུངས་བ་ཞིག་བློ་ཡུལ་ནས་བརླག་ཚར་བའི་སྣང་བ་ཞིག་དང་ལྷན་བརྗོད་མི་ཐུབ་པའི་སྐྱོ་བ་ཟབ་མོ་རང་བཞིན་གྱིས་ཡོང་གི་འདུག
ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༤ ལ།