བོད་ཀྱི་ཟློས་གར་ཚོགས་པའི་ཕྱོགས་སྐྱོད་འཁྲབ་སྟོན་ལེགས་པར་གྲུབ།

ད་ལོར་ཧན་གྷི་རི་རྒྱལ་ཁབ་ཏུ་འཛམ་གླིང་ནང་གི་ལྷ་མོའི་དུས་སྟོན་ཆེ་ཤོས་དེ་ཚུགས་ཡོད་པ་དང་། དེའི་ནང་བོད་ཀྱི་ཟློས་གར་ཚོགས་པ་ཡང་གདན་ཞུས་ལྟར་མཉམ་ཞུགས་གནང་བ་མ་ཟད། ཞོར་དུ་སུད་སིའི་སྐུ་ཚབ་དོན་གཅོད་ཁང་ནས་གདན་ཞུས་ལྟར་འཁྲབ་སྟོན་ཞུས་ཏེ་ཕྱོགས་སྐྱོད་ལེགས་པར་གྲུབ་ཡོད་འདུག
ལོ་འདིའི་ཕྱི་ཟླ་ ༤ ཚེས་ ༡ ནས་ཟླ་གསུམ་རིང་ཧན་གྷི་རིའི་རྒྱལ་ཡོངས་བྷོ་ཌ་པེ་ས་གཏམ་བརྗོད་ཁང་དུ་ རྒྱལ་ཁབ་ཁག་ལྔ་བཅུ་ང་བརྒྱད་ནས་ལྷ་མོའི་མཐུན་ཚོགས་བཞི་བརྒྱ་ལྷག་ཙམ་གདན་ཞུས་ལྟར་མཉམ་ཞུགས་གནང་བའི་ནང་། བོད་ཀྱི་ཟློས་གར་ཚོགས་པ་ཡང་དེའི་ནང་ཚུད་ཡོད་པ་རེད། དུས་སྟོན་དེའི་ཐོག་བོད་ཀྱི་ཟློས་གར་ཚོགས་པ་ནས་སྣང་ས་འོད་འབུམ་གྱི་ལྷ་མོའི་འཁྲབ་སྟོན་བྱས་ཡོད་པ་དང་། རྒྱལ་སྤྱིའི་ལྷ་མོའི་དུས་སྟོན་གྱི་འགན་འཛིན་གྱིས་ཀྱང་བསྔགས་བརྗོད་ཐོབ་ཡོད་འདུག རྒྱལ་སྤྱིའི་ལྷ་མོའི་དུས་སྟོན་ཆེ་ཤོག་འདིའི་ཐོག་བོད་ཀྱི་ཟློས་གར་ཚོགས་པ་མཉམ་ཞུགས་བྱས་པ་ཐོག་མ་དེ་ཡིན་པ་དང་། ཐེངས་འདིའི་སྣང་ས་འོད་འབུམ་གྱི་འཁྲབ་སྟོན་བརྒྱུད་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་དེའི་ཁྱད་ཆོས་སོགས་འཛམ་གླིང་གི་སྡིངས་ཆའི་ཐོག་མངོན་པར་བྱས་ཡོད་འདུག

ཧན་གྷི་རིའི་འཁྲབ་སྟོན་དེ་གྲུབ་རྗེས་སུད་སི་སྐུ་ཚབ་དོན་གཅོད་ཁང་ནས་གདན་ཞུས་དང་། སུད་སིར་བཅའ་བཞུགས་ཟློས་ཟུར་རྣམས་ཀྱིས་འགན་གཙོ་བོར་བཞེས་ཏེ་གོ་སྒྲིག་གནང་བའི་འོག ཕྱི་ཚེས་༡༧ ཉིན་ (Furstenlandsaal: Gossau SG) ཚོགས་ཁང་ཆེན་མོའི་ནང་སྐུ་མགྲོན་གཙོ་བོ་རི་ཀོན་དགོན་པའི་མཁན་རིན་པོ་ཆེ་དང་། སུད་སི་སྐུ་ཚབ་དོན་གཅོད་ཀྱི་སྐུ་ཚབ། བོད་རིགས་ཚོགས་པའི་ཚོགས་གཙོ་དང་ལས་སྣེ་རྣམ་པ་གཙོས་པའི་ཟློས་གར་གྱི་དགེ་ལས་སྒྱུ་རྩལ་པ་༢༢ ཙམ་དང་མི་མང་ལྔ་བརྒྱ་ལྷག་ཙམ་མཉམ་འཛོམས་བྱུང་ཐོག ལྷ་མོའི་གཞུང་སྣང་ས་འོད་འབུམ་དང་རིག་གཞུང་གཞས་སྣ། ཨ་ཀ་མའི་དེང་དུས་རོལ་དབྱངས་བཅས་གཟིགས་འབུལ་ཞུས་འདུག་པ་དང་། གཞན་ཡང་བོད་རིགས་གཞོན་སྐྱེས་དང་ཟློས་གར་ཚོགས་པའི་སྒྱུ་རྩལ་པ་རྣམས་དང་ལྷན་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ལྷ་མོའི་སྐོར་ཕན་ཚུན་བསམ་ཚུལ་བརྗེ་རེས་གནང་བ་སོགས་ཀྱི་རྗེས་སུ་ཐེངས་འདིའི་བོད་ཀྱི་ཟློས་གར་ཚོགས་པའི་ཕྱོགས་སྐྱོད་ལེགས་པར་གྲུབ་ཡོད་འདུག
མ་འོངས་པར་ཡང་སུད་སི་དང་ཡུ་རོབ་རྒྱལ་ཁབ་ཁག་ཏུ་འཁྲབ་སྟོན་བྱ་འཆར་ཡོད་པ་དང་། དེ་བཞིན་ཨ་རིའི་ནང་དུ་འཁྲབ་སྟོན་གྱི་གོ་སྐབས་འཚོལ་བཞིན་པ་ཡིན་འདུག

ལྷ་མོའི་འཁྲབ་གཞུང་ནི་དུས་རབས་བཅུ་བཞི་པའི་ནང་གྲུབ་ཆེན་ཐང་སྟོང་རྒྱལ་པོས་གསར་གཏོད་གནང་བ་དང་། བོད་ཀྱི་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་ཞིག་ཡིན་པ་རེད། རྒྱ་ནག་དམར་པོའི་གཞུང་གིས་རིག་གཞུང་འདི་ཉིད་ཀྱང་རྒྱ་མིའི་རིག་གཞུང་དང་མཉམ་བསྲེས་ཀྱིས་ཤུལ་མེད་དུ་གཏང་རྒྱུའི་དམིགས་ཡུལ་བཅངས་ཡོད་པར་བརྟེན། བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་གང་སར་འཁྲབ་སྟོན་བྱེད་རྒྱུ་སོགས་ནི་བོད་ཀྱི་རིག་གཞུང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་མངོན་ཐུབ་པ་དང་ལྷ་མོའི་ཟློས་གར་སྔར་ཡོད་རྒྱུན་འཛིན་གྱི་ཆེད་དུ་ཡིན་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།