ཁྲིམས་སྒྲིག་བསྐྱར་བཅོས་དང་འབྲེལ་བའི་དགོངས་ཚུལ་མཆིས་ཚེ་ཡིག་ཐོག་ནས་འབུལ་ཆོག་འདུག


བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༧ པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་མཐའ་མར། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་བསྐོ་འཛུགས་དགོས་པའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ལ་མང་མོས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད་པ་དང་།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཆེད་ཚོགས་མི་ལྔ་ལས་གྲུབ་པའི་ཆེད་འཛུགས་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་དགོས་ཞེས་གསལ་བ་བཞིན།  དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༨ ཉིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ། སྤྱི་འཐུས་ཀརྨ་དགེ་ལེགས། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་བཅས་ལ་བསྐོ་གཞག་བཀོད་ཁྱབ་གནང་ཡོད་པ་དང་། དེའི་རྗེས་སུ་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་ཚོགས་གཙོར་སྤྱི་འཐུས་ཟླ་བ་ཕུན་སྐྱིད་དང་། ཚོགས་དྲུང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་བཅས་བསྐོ་གཞག་གནང་སྟེ། ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་བཏབ་ཡོད་པ་དང་།
ཟླ་འདིའི་ཕྱི་ཚེས་༡༧ ཉིན་ཁྲིམས་སྒྲིག་བཅར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་དོན་དངོས་སུ་འགོ་བཙུགས་པའི་གསལ་བསྒྲགས་ཤིག་སྤེལ་འདུག་པའི་ནང་དུ། ཚོགས་པ་དང་མི་སྒེར་སུ་ཡིན་ཡང་ཁྲིམས་སྒྲིག་གི་བསྐྱར་བཅོས་དང་འབྲེལ་བའི་དགོངས་ཚུལ་མཆིས་ཚེ་ཡིག་ཐོག་ནས་ཕྱི་ལོ་༢༠༢༣ ཟླ་༩ ཚེས་༢ མང་གཙོའི་དུས་ཆེན་བར་ཚོགས་དྲུང་ལས་ཁུངས་ཀྱི་གློག་འཕྲིན་ཁ་བྱང་ཐོག་ནས་འབུལ་ཆོག་གི་ཡོད་འདུག དེ་བཞིན་ཚོགས་གཙོ་སྦྲེལ་པོའི་བཀོད་ཁྱབ་ནང་དུ། གྲོས་ཚོགས་ཚོགས་དུས་ལྔ་པའི་གྲོས་ཆོད་དགོངས་དོན་ལྟར་ཚོགས་ཆུང་དེས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་རང་སོར་གནས་ཐོག་ད་དུང་གསལ་ཁ་དགོས་ངེས་ཡོད་པར་བསྐྱར་བཅོས་ཇི་དགོས་དང་། དེ་འབྲེལ་ཁྲིམས་སྒྲིག་གཞན་ཁག་ལའང་བསྐྱར་བཅོས་ཇི་དགོས་བསྐྱར་ཞིབ་གནང་ནས་བསྐྱར་བཅོས་ཟིན་བྲིས་བཟོ་འགོད་གནང་ཕྱོགས་གོ་བསྡུར་གྱིས་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དང་འཆར་འབུལ་གྱི་ཟིན་བྲིས་བཅས།
ཕྱི་ལོ་༢༠༢༤ ཟླ་ ༢ པའི་ཟླ་མཇུག་ཏུ་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཟིན་པ་དགོས་རྒྱུ་ཞེས་འཁོད་འདུག

གསར་འགོད་པ་བསྟན་འཛིན་ལམ་བཟང་།