ན་གཞོན་གྱི་འཐབ་རྩོད་བསམ་བློ།
ཉེ་ཆར་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཞེས་པ་ཞིག་བཞུགས་སྒར་དྷ་ས་རུ་འཚོགས་སོང་། བཀའ་ཤག་སྔོན་མའི་སྐབས་ལྔ་དང་ལྔ་བཅུའི་ན་གཞོན་ཚོགས་འདུ་ཞེས་པ་ཡང་སྔ་རྗེས་སུ་འཚོགས་ཡོད་པ་རེད། ཚོགས་འདུ་དེ་དག་ནང་རྒྱ་གར་ཙམ་མ་ཡིན་པར་འཛམ་གླིང་ཤར་ནུབ་ཀུན་ནས་ན་གཞོན་དོ་སྣང་ཅན་མང་པོ་ཞིག་ཕེབས་ཡོད་པ་རེད། ན་གཞོན་དེ་དག་ལ་བོད་ཀྱི་རྩ་དོན་འཐབ་རྩོད་དང་། བོད་ཀྱི་ཆོས་དང་རིག་གནས་སྐོར་ཤེས་རྟོགས་བྱ་སའི་ཁོར་ཡུག་གསར་པ་ཞིག་བསྐྲུན་སའི་སྒོ་མོ་ལྟ་བུར་གྱུར་ཡོད། མ་འོངས་པར་ཚོགས་ཆེན་འདི་ལྟ་བུ་ཡང་ཡང་འཚོགས་ཐུབ་དགོས་པ་ནི་གལ་ཆེན་པོ་ཡིན་པ་དང་། ན་གཞོན་འདི་དག་ནི་བོད་ཀྱི་མ་འོངས་པའི་སོན་རྩ་ཉག་གཅིག་ཏུ་གྱུར་ཡོད་པས། བོད་དོན་འཐབ་རྩོད་དང་བོད་ཀྱི་ཆོས་དང་རིག་གནས་རྒྱུན་འཛིན་ཐུབ་མིན་ཡང་ན་གཞོན་ཚོའི་སློབ་སྦྱོང་དང་སེམས་ཤུགས་ཁོ་ན་ལ་རག་ལས་ཤིང་། མི་རབས་གསར་པའི་སེམས་ལ་འཐབ་རྩོད་དང་རིག་གནས་ཀྱི་བསམ་བློ་བསྐྲུན་རྒྱུ་ནི་མི་རབས་འདིའི་འགན་ཁུར་གཙོ་བོར་གྱུར་ཡོད།
ཆོས་དང་རིག་གནས་གཙོ་བོར་གྱུར་པའི་བོད་དང་བོད་མིའི་ངོ་བོ་མཚོན་པའི་རིག་གནས་འདི་དག་རྒྱུད་འཛིན་དར་སྤེལ་ཐུབ་དང་མི་ཐུབ་ཀྱི་འགག་རྩ་ནི། མི་རབས་དེའི་བསམ་བློའི་གནས་ཚད་ལ་རག་ལས་ཤིང་། དེ་ཡང་གཙོ་བོ་མི་རིགས་དང་རྒྱལ་ཁབ་སླར་གསོའི་འདུ་ཤེས་བརྟན་པོ་ཞིག་རྒྱུད་ལ་མེད་པའི་ན་གཞོན་ཞིག་ལ་མཚོན་ན། རང་གི་ཟས་གོས་གནས་མལ་སོགས་འཚོ་བའི་གནད་དོན་ཙག་ཙིག་ཙམ་རེ་ཐག་གཅོད་བྱེད་ཐུབ་པ་ལས། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་འབད་བརྩོན་ཡང་དག་པ་ཞིག་བྱེད་མི་ཐུབ་པ་དེ་ཧ་ཅང་གསལ་པོར་གྱུར་ཡོད། ད་ལྟའི་ཆར་ན་གཞོན་རྣམས་ཀྱི་རྒྱུད་ལ་ངེས་པར་དུ་འཇགས་དགོས་པ་ནི་སེམས་གཏིང་ནས་རྒྱལ་ཞེན་ཡོད་པའི་མི་རབས་ཤིག་གསོ་སྐྱོང་བྱེད་དགོས་པ་དེ་ཡིན་ཞིང་། དེའི་ཆེད་དུ་སློབ་གསོའི་ཁ་ཕྱོགས་མ་ནོར་བ་དང་ཡང་དག་པ་ཞིག་འཛིན་མ་ཐུབ་ན། ཚོགས་འདུ་དང་ཟབ་སྦྱོང་ག་ཚོད་འཚོགས་ཀྱང་དོན་དམ་པའི་ཕན་ཐོགས་ཤིག་གཏན་ནས་མེད་པས། རྒྱལ་ཞེན་གྱི་བསམ་བློ་དར་སྤེལ་བྱ་རྒྱུ་དེ་ཨང་དང་པོར་འཛིན་དགོས།
མ་འོངས་པར་བོད་མི་ཡོངས་རྫོགས་རྒྱ་དམར་གཞུང་གི་འོག་ཏུ་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་ཙམ་རག་ན་འགྲིག་པའི་སྲིད་བྱུས་བཟུང་བ་ནས། རིམ་བཞིན་བཙན་བྱོལ་བོད་མི་རྣམས་ཀྱི་བསམ་བློའི་ནང་རྒྱ་གཞུང་ལ་འཁོན་འཛིན་གྱི་བསམ་བློ་ཆུང་དུ་སོང་བ་དང་། ད་ལྟའི་ཆར་རྒྱ་དམར་གཞུང་གི་མི་སྣ་རྣམས་ལ་འབྲེལ་བ་ཇི་འདྲ་ཞིག་བཟུང་ཡང་འགྲིག་བསྡད་པ་ལྟ་བུའི་ལྟ་ཚུལ་ཞིག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁྱབ་བརྡལ་དུ་སོང་ཟིན་ལ། རྒྱལ་ཁབ་གཅིག་གི་འོག་ཏུ་མི་རིགས་མི་འདྲ་བ་ཙམ་དུ་ངོས་འཛིན་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། དེ་ལ་བརྟེན་ནས་རང་བཞིན་གྱིས་རྩ་དོན་འཐབ་རྩོད་ཀྱི་བསམ་བློ་ཤུགས་ཆུང་དུ་སོང་བ་མ་ཟད། རྒྱ་དམར་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པ་སོགས་ཀྱིས་བོད་རྒྱ་ཞི་མོལ་ལ་གནོད་པ་དང་། དབུ་མའི་ལམ་གྱི་སྲིད་བྱུས་དང་འགལ་བའི་བསམ་ཚུལ་སྤྱི་ཚོགས་ནང་རྒྱ་ཁྱབ་ཏུ་གྱུར་ནས་རྒྱ་གཞུང་གི་འགོ་ཁྲིད་དང་། སྲིད་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་མཁན་རིགས་ལ་མི་འདོད་པའི་རྣམ་འགྱུར་སྟོན་མཁན་ཡང་མང་དུ་འགྲོ་བཞིན་ཡོད།
ད་ལྟའི་ཆར་རྒྱ་དམར་གཞུང་དང་མཉམ་དུ་བྱུང་ན་མཐུན་སྒྲིལ་དམ་ཟབ་ཐོག རྒྱ་མི་རིགས་དང་མཉམ་དུ་རྒྱལ་ཁབ་གཅིག་བྱས་ནས་སྡོད་རྒྱུའི་སློབ་གསོ་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་རིམ་བཞིན་སྤེལ་བས། བོད་དོན་འཐབ་རྩོད་ཀྱི་གནས་བབས་ཀྱང་རྒྱ་ནག་གི་ནང་སྲིད་གནད་དོན་ཙམ་དུ་འགྱུར་བཞིན་ཡོད་པ་དང་། འཛམ་གླིང་ཤར་ནུབ་ཀུན་ཏུ་རྒྱ་གཞུང་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། བོད་པས་རྒྱ་ནག་རྒྱལ་ཁབ་ཆེན་པོའི་འོག་རྒྱ་མི་རིགས་དང་མཉམ་དུ་ཁྱིམ་ཚང་གཅིག་བྱས་ནས་སྡོད་རྒྱུའི་སྲིད་བྱུས་དང་བསམ་བློ་འདི་ལ་དོན་དམ་པར་རྒྱལ་སྤྱིའི་ཐོག་ནས་ཀྱང་རྒྱབ་སྐྱོར་རག་རྒྱུའི་ཁོར་ཡུག་དང་གོ་སྐབས་ཀྱང་ཉུང་དུ་འགྲོ་བཞིན་ཡོད། རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚར་ལོང་བྱུང་བའི་ན་གཞོན་དག་ལ་མཚོན་ན། མ་འོངས་པར་རྒྱ་གཞུང་གི་མི་སེར་བྱ་རྒྱུ་ལས་རང་ཉིད་ཀྱི་སྡོད་གནས་དེའི་མི་སེར་བྱ་རྒྱུ་གདམས་ཀ་དང་པོར་བརྩི་མཁན་མང་བས་རྩ་དོན་འཐབ་རྩོད་ཀྱི་ཐོག་ལ་སེམས་ཤུགས་ཡོད་མཁན་ཉུང་དུ་འགྲོ་བཞིན་ཡོད།
མདོར་ན་རྒྱལ་ཞེན་གྱི་ས་བོན་འདེབས་དགོས་པ་ལས། རྒྱ་གཞུང་ལ་དཔལ་འབྱོར་དང་སྟོབས་ཤུགས་ཡོད་པ་རྒྱུ་མཚན་དུ་བྱས་ནས། རྒྱལ་ཁབ་དེའི་མི་སེར་བྱས་ན་ཁེ་ཕན་ཆེ་བའི་སློབ་གསོ་ནི། མ་འོངས་པར་རྩ་དོན་འཐབ་རྩོད་བྱེད་མཁན་རྩ་མེད་དུ་འགྲོ་བའི་ཆ་རྐྱེན་ཞིག་ཏུ་གྱུར་ཡོད། རྒྱ་གཞུང་ལ་གནོན་ཤུགས་སྤྲོད་པའི་ལས་འགུལ་གང་ཡང་མེད་པས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད་ལ། བོད་དོན་བེད་སྤྱོད་བཏང་ནས་རྒྱ་གཞུང་ལ་ཁ་གཏད་གཅོག་མཁན་གྱི་རྒྱལ་ཁབ་གསུམ་པ་ཞིག་ཀྱང་འབྱུང་མི་སྲིད། བོད་པའི་གྱོང་གུད་ཆེ་ཤོས་ནི་གོང་དུ་བརྗོད་པ་བཞིན་ན་གཞོན་རྣམས་ཀྱི་འཐབ་རྩོད་ཀྱི་བསམ་བློ་ཉམས་ཆག་བཏང་བ་དེ་ཡིན། དེར་བརྟེན་ན་གཞོན་རྣམས་ལ་རྒྱལ་ཞེན་དང་འཐབ་རྩོད་ཀྱི་བསམ་བློ་བསྐྲུན་རྒྱུ་དང་། རྒྱལ་སྤྱིའི་སྟེང་ནས་རྒྱབ་སྐྱོར་རག་ཐབས་སོགས་གང་ཐད་ནས་མི་རབས་གསར་པ་ལ་བོད་རང་བཙན་སླར་གསོ་དང་འབྲེལ་བའི་སློབ་གསོ་དང་ཟབ་སྦྱོང་མང་དུ་གཏོང་དགོས་པ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད།།