ཉི་ཧོང་གིས་ཡུག་རེན་ལ་གོ་མཚོན་བཙོང་སྲིད་པ་ཡིན་འདུག
ཉི་ཧོང་ནང་གོ་མཚོན་ཕྱི་ཕྱོགས་སུ་བཙོང་མི་ཆོག་པའི་ཁྲིམས་ཤིག་ཡོད་འདུག་ལ། ཁྲིམས་ལུགས་དེ་ད་ཆར་འགྱུར་བ་བཏང་ནས་གོ་མཚོན་ཕྱི་ཕྱོགས་སུ་བཙོང་རྒྱུ་ལ་ཁྲིམས་ཐོག་ནས་འགོག་རྐྱེན་མེད་པ་བཟོ་ཐབས་བྱེད་བཞིན་ཡོད་འདུག

ཕྱི་ཚེས་༢༧ ཉིན་རྒྱ་གར་གྱི་(Wion ) གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དེ་རིང་ཉི་ཧོང་གི་སྲིད་བློན་(Fumio Kishida) གྱིས་གུ་ཡངས་དམངས་གཙོ་ཚོགས་པ་དང་གཞན་སྲིད་དོན་ཚོགས་པ་ཆུང་གྲས་འགའ་དང་ལྷན་དུ་ཚོགས་འདུ་འཚོགས་ནས་གོ་མཚོན་ཕྱི་ཕྱོགས་སུ་བཙོང་མི་ཆོག་པའི་ཁྲིམས་འཆར་དེ་ལ་འགྱུར་བ་ཞིག་ཡོང་ཐབས་བྱེད་རྒྱུ་ཡིན་འདུག རྒྱུ་མཚན་ནི་གོ་མཚོན་ཕྱི་ཕྱོགས་སུ་བཙོང་མི་ཆོག་པའི་རྐྱེན་གྱིས་ཉི་ཧོང་ནང་ཡོད་པའི་གོ་མཚོན་བཟོ་གྲྭ་དག་ལ་ཡོང་འབབ་ཡོད་མི་འདུག ཚོགས་འདུའི་སྐབས་སྲིད་བློན་ཁེ་ཤི་དྷས་བརྗོད་དོན་ལ་ང་ཚོས་གོ་མཚོན་ཕྱི་ཕྱོགས་སུ་བཙོང་མི་ཆོག་པའི་ཁྲིམས་གསུམ་ཡོད་པ་དག་ལ་བསྐྱར་ཞིབ་རེ་བྱས་ནས། གང་མགྱོགས་གཞུང་ལ་ཁྲིམས་ལུགས་བསྐྱར་ཞིབ་ཀྱི་སྙན་ཐོ་ཞིག་འབུལ་རྒྱུ་ཡིན་པར་བརྗོད་འདུག ཉི་ཧོང་ནང་ཕྱི་ལོ་༡༩༦༧ ལོར་གོ་མཚོན་ཕྱི་ཕྱོགས་སུ་བཙོང་རྒྱུ་བཀག་འགོག་བྱེད་ཆེད་ཁྲིམས་ལུགས་གསུམ་བཞག་ཡོད་པ་དང། ཁྲིམས་ལུགས་གསུམ་པོ་ནི་དམར་ཤོག་གི་རྒྱལ་ཁབ་དག་ལ་བཙོང་མི་ཆོག་པ་དང། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉེས་ཆད་བཀལ་བའི་རྒྱལ་ཁབ་དག་ལ་བཙོང་མི་ཆོག་པ། དེ་བཞིན་དམག་འཁྲུག་རྒྱག་བཞིན་པ་དང་། དམག་རྒྱག་ལ་ཉེ་བ་དག་ལ་བཙོང་མི་ཆོག་པ་བཅས་ཡིན་འདུག
ཉི་ཧོང་གི་གསར་ཁང་ཁག་ནས་གནས་ཚུལ་ཐོན་གསལ་ལ། ད་ཆར་གཞུང་ཕྱོགས་ནས་ཁྲིམས་འཆར་དེ་མེད་པ་བཟོས་ནས་ཕྱི་ཕྱོགས་སུ་གོ་མཚོན་བཙོང་རྒྱུ་ཡིན་པར་རྗོད་བཞིན་ཡོད་འདུག་ལ། གོ་མཚོན་གྱི་ཁྲོད་ནས་དམག་གི་རླངས་འཁོར་དང་། དམག་གི་གྲུ་གཟིངས་སོགས་དབྱིན་ཡུལ་དང་ཨི་ཌ་ལི་སོགས་ལ་བཙོང་སྲིད་པ་ཡིན་འདུག འོན་ཀྱང་། ཐེངས་འདིའི་གོ་མཚོན་བཙོང་མི་ཆོག་པའི་ཁྲིམས་འཆར་ལ་བསྐྱར་ཞིབ་བྱེད་དགོས་དོན་གཙོ་བོ་ནི་ཨུ་རུ་སུ་དང་ཡུག་རེན་གཉིས་ལོ་སྔོན་མའི་ཕྱི་ཟླ་༢་ཚེས་༢༤ ཉིན་དམག་འཁྲུག་རྒྱག་འགོ་བཙུགས་ཡོད་པ་དང་། ཡུག་རེན་ལ་རྒྱལ་ཁབ་མང་པོ་ཞིག་གིས་གོ་མཚོན་གྱི་རོགས་རམ་བྱེད་བཞིན་ཡོད་པར་བརྟེན། ཉི་ཧོང་གིས་ཀྱང་ཡུག་རེན་ལ་གོ་མཚོན་བཙོང་སྲིད་པ་དང་། རྒྱལ་ཁབ་མང་པོ་ཞིག་གིས་གོ་མཚོན་བཙོངས་ནས་ཡོང་འབབ་ཕོན་ཆེན་བཟོ་བཞིན་ཡོད་པའི་རྐྱེན་གྱིས་ཉི་ཧོང་གིས་ཀྱང་དེ་ལྟར་བྱེད་སྲིད་པ་ཡིན་འདུག དེ་སྔོན་ཉི་ཧོང་གིས་ཡུག་རེན་ལ་ཁྲབ་ཞྭ་དང་། དམག་ཆས། དེ་བཞིན་སྨན་སོགས་བཏང་ཡོད་འདུག སྤྱིར་ཉི་ཧོང་ནང་གོ་མཚོན་གྱི་བཟོ་གྲྭ་རྣམས་དེ་ཙམ་ཡོང་འབབ་ཡོད་མི་འདུག་ལ། ཕྱི་ཕྱོགས་ནས་བདེ་སྲུང་ཆེད་དུ་གོ་མཚོན་ནང་འདྲེན་བྱེད་ཀྱི་ཡོད་ཀྱང་། རིན་གོང་མཐོན་པོ་ཡིན་པའི་རྐྱེན་གྱིས་མང་པོ་ཉོ་ཐུབ་ཀྱི་ཡོད་མི་འདུག དེར་བརྟེན་ད་ཆར་ཉི་ཧོང་ནང་གོ་མཚོན་བཟོ་གྲྭ་བཙུགས་ནས་ལས་མི་མང་པོར་ལས་ཀ་རག་པ་དང་། ཕྱི་ཕྱོགས་ནས་གོ་མཚོན་ཉོ་མི་དགོས་པ་སོགས་ལ་དམིགས་ནས་གོ་མཚོན་བཟོ་གྲྭ་བཙུགས་ནས་ཕྱི་ཕྱོགས་སུ་བཙོང་རྒྱུ་ཡིན་པར་རྗོད་བཞིན་འདུག །
གསར་འགོད་པ། བསོད་ནམས་ཕུན་ཚོགས།