ཕྱི་རྒྱལ་ལ་ཡོད་པའི་ཡུ་གུར་སྐྱབས་བཅོལ་བ་དག་གིས་མྱོང་བཞིན་པའི་དཀའ་སྡུག

ཡུ་གུར་བ་མང་པོ་ཞིག་བོད་མི་སྐྱབས་བཅོལ་བ་ལྟར་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་དུ་ཡོང་ཐུབ་ཡོད་ཀྱང་། ཁོང་ཚོའི་ནང་མི་འགའ་ཤས་རྒྱ་གཞུང་གི་དབང་འོག་ཏུ་ལྷག་ཡོད་པར་བརྟེན། རྒྱ་གཞུང་ནས་ཡུ་གུར་བའི་ནང་མི་ལ་གནོན་ཤུགས་སྤྲད་ནས་ཕྱི་རྒྱལ་རང་དབང་ལུང་པའི་ནང་ཡོད་པའི་ཡུ་གུར་བ་དག་སྟངས་འཛིན་བྱེད་ཐབས་བྱེད་བཞིན་ཡོད་འདུག
ཕྱི་ཚེས་༣༡ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལ། རྒྱ་ནག་ནང་ཡོད་པའི་ཁ་ཆེའི་མི་རིགས་རྣམས་ལ་རྒྱ་གཞུང་ནས་ཧ་ཅང་གིས་མནར་གཅོད་དང་། རྡུང་རྡེག་ཚད་མེད་གཏོང་གི་ཡོད་པའི་རྐྱེན་གྱིས་ཡུ་གུར་བ་མང་པོ་ཞིག་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་སྐྱབས་བཅོལ་དུ་ཡོང་ཐུབ་ཡོད་ཀྱང་། ད་ཆར་རྒྱ་ནག་གིས་རྒྱལ་མཚམས་བརྒལ་ནས་ཕྱི་རྒྱལ་རང་དབང་ལུང་པའི་ནང་ཡོད་པའི་ཡུ་གུར་བ་རྣམས་ལ་སྟངས་འཛིན་བྱེད་བཞིན་ཡོད་པ་དང་། ཕྱི་རྒྱལ་ནང་ཡོད་པའི་ཡུ་གུར་བ་རྣམས་ཀྱི་ནང་མི་རྒྱ་ནག་གི་དབང་འོག་ཏུ་ཡོད་མཁན་དག་མནར་གཅོད་དང་། འདྲི་རྩད། དོ་དམ་བཀག་ཉར་བྱེད་ཀྱི་ཡོད་འདུག དངོས་མིང་མིན་པའི་མིང་ཚབ་ལ་ཨ་ལེམ་(Alim)ཟེར་བ་ཞིག་ལོ་ངོ་དུ་མའི་སྔོན་ནས་དབྱིན་ཡུལ་ལ་སྐྱབས་བཅོལ་དུ་ཡོང་ཡོད་འདུག་ལ། ལོ་ངོ་དྲུག་གི་རིང་ལ་ཁོང་གི་ནང་མི་དང་ལྷན་དུ་འབྲེལ་བ་ཐེངས་གཅིག་ཀྱང་བྱེད་ཐུབ་མེད་ཀྱང་། ཉེ་ཆར་ཁོང་གི་ཨ་མས་བརྙན་ལམ་གྱི་བརྒྱུད་ནས་ཁོང་ལ་འབྲེལ་བ་བྱས་ཡོད་འདུག འོན་ཀྱང་། ཨ་མས་བུ་ལ་འབྲེལ་བ་བྱས་པ་དེ་རྒྱ་གཞུང་གི་བཙན་བཀའི་འོག་ནས་འབྲེལ་བ་བྱས་ཡོད་པ་ལས། ཨ་མས་རང་གི་འདོད་མོས་ཐོག་ནས་འབྲེལ་བ་བྱས་པ་ཡིན་མི་འདུག རྒྱ་གཞུང་གིས་ཨ་མ་ལ་གནོད་ཤུགས་སྤྲད་ནས་བུར་ཕྱི་རྒྱལ་ལ་ཡོད་པའི་ཡུ་གུར་མི་རིགས་ཀྱི་ལས་འགུལ་བ་དང་། ཡུ་གུར་མི་རིགས་ཀྱི་ཆེད་དུ་རང་དབང་འཐབ་རྩོད་པ་དག་གི་ཚོགས་འདུ་སོགས་ལ་ཕྱིན་ནས། ལས་འགུལ་བ་དག་གི་ནང་མིའི་སྐོར་གྱི་གནས་ཚུལ་མཁོ་བསྡུ་བྱེད་དགོས་ཚུལ་སོགས་ཀྱི་གནོད་ཤུགས་སྤྲད་བཅུག་ཡོད་འདུག་ལ། དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོའི་ནང་ཡུ་གུར་ལས་འགུལ་བ་དག་གིས་རྒྱ་གཞུང་ལ་ངོ་རྒོལ་གང་དུ་བྱས་པ་ན། རྒྱ་གཞུང་གིས་ཨ་ལེམ་ལ་ཁ་པར་སླེབས་ནས་ལས་འགུལ་བ་དག་གི་སྐོར་གནས་ཚུལ་མཁོ་བསྡུ་བྱེད་དགོས་པ་དང་། ལས་འགུལ་སྣེ་ཁྲིད་པ་དག་ཟ་ཁང་དང་། ཚོང་ཁང་སོགས་ལ་ཁྲིད་ནས་དངུལ་གྱི་སླུ་བྲིད་བྱེད་དགོས་ཚུལ་སོགས་ཀྱི་གནོད་ཤུགས་སྤྲད་ཡོད་འདུག གལ་སྲིད་བུས་རྒྱ་གཞུང་གི་བཙན་བཀའ་ལྟར་མ་བྱས་ཚེ་ནང་མི་དང་ཨ་མ་ལ་གནོད་འཚེ་གཏོང་རྒྱུའི་འཇིགས་སྐུལ་བྱེད་ཀྱི་ཡོད་པ་སྦི་སྦི་སི་གསར་ཁང་ལ་བརྗོད་ཡོད་འདུག གང་ལྟར་རྒྱ་གཞུང་གིས་རྒྱ་ནག་ནང་ཡོད་པའི་ཡུ་གུར་བའི་ནང་མི་དག་ལག་ཆ་ལྟར་བེད་སྤྱོད་བྱས་ནས་ཕྱི་རྒྱལ་དུ་ཡོད་པའི་ཡུ་གུར་མི་མང་དག་ལ་གནོད་ཤུགས་ཚད་མེད་སྤྲོད་ཀྱི་ཡོད་འདུག དབྱིན་ཡུལ་ནང་ཡོད་པའི་གཙུག་ལག་སློབ་ཆེན་(University of Sheffield )གྱི་སློབ་དཔོན་དྲ་ཝི་དྲེ་དྲེ་བིན་(Dr David Tobin) གྱིས་ཕྱི་རྒྱལ་ལ་ཡོད་པའི་ཡུ་གུར་བ་དག་ལ་རྒྱ་ནག་གཞུང་གིས་ཇི་ལྟར་གནོད་ཤུགས་སྤྲོད་ཀྱི་ཡོད་མེད་ཐད་ཉམས་ཞིབ་ཅིག་བྱས་ཡོད་འདུག་ལ། ཁོང་གིས་ཕྱི་རྒྱལ་ལ་ཡོད་པའི་ཡུ་གུར་བ་མི་༢༠༠ ལྷག་ཙམ་ཞིག་ལ་ཉམས་ཞིབ་བྱེད་དུས་ཁོང་ཚོ་ཚང་མ་རྒྱ་གཞུང་གིས་གནོད་ཤུགས་འོག་ཡོད་པའི་ཡུ་གུར་བ་དག་ཡིན་འདུག་ལ། ཁོང་ཚོ་ལ་རྒྱ་གཞུང་ནས་ལས་འགན་འདྲ་མིན་སྤྲད་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་དག་གི་སྐོར་གནས་ཚུལ་མཁོ་བསྡུ་བྱེད་འཇུག་གི་ཡོད་འདུག དེ་བཞིན་ཕྱི་རྒྱལ་ལ་ཡོད་པའི་ཡུ་གུར་གཞོན་སྐྱེས་མང་པོ་ཞིག་ལ་རྒྱ་གཞུང་གི་གནོད་ཤུགས་ཀྱི་དབང་གིས་ཡུ་གུར་བའི་མི་རིགས་ཀྱི་རང་དབང་ཆེད་དུ་ལས་འགུལ་དང་། རྒྱ་གཞུང་ལ་ངོ་རྒོལ་སོགས་བྱེད་དུས་འཛུལ་ཞུགས་བྱེད་མཁན་ཉུང་དུ་འགྲོ་གི་འདུག
འདི་ལོའི་ཕྱི་ཟླ་༣ ནང་ཨ་རིའི་གཞུང་གིས་(The Transnational Repression policy Act)ཟེར་བའི་ཁྲིམས་འཆར་ཅིག་ཨ་རིའི་གྲོས་ཚོགས་ནང་ཁུར་ཡོད་པ་དང་། ཁྲིམས་འཆར་དེའི་དམིགས་ཡུལ་ནི་ཁ་ཆེ་ཡུ་གུར་མི་རིགས་ཕྱི་རྒྱལ་དུ་ཡོད་མཁན་དག་ལ་རྒྱ་གཞུང་གིས་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་རྐྱེན་གྱིས། ཁོང་ཚོ་སྲུང་སྐྱོབ་ཆེད་དུ་ཁྲིམས་དེ་གྲོས་ཚོགས་སུ་ཁུར་ཡོད་འདུག ཁྲིམས་འཆར་དེ་གལ་སྲིད་ཨ་རིའི་ཁྲིམས་ཆགས་ཐུབ་ན། མ་འོངས་པར་རྒྱ་གཞུང་གི་དཔོན་རིགས་སུས་ཡུ་གུར་མི་རིགས་ལ་མནར་གཅོད་བྱེད་ཀྱི་ཡོད་ན་ཁོང་ཚོ་ལ་དཔལ་འབྱོར་གྱི་ཉེས་ཆད་གཅོད་ཀྱི་ཡིན་འདུག མདོར་ན། རྒྱ་ནག་གཞུང་གིས་བོད་པའི་སྐྱབས་བཅོལ་བ་དག་ལ་ལོ་མང་གོང་ནས་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་ད་ཆར་ཁ་ཆེ་ཡུ་གུར་མི་རིགས་དག་ལ་ལག་བསྟར་བྱས་ནས་ཕྱི་རྒྱལ་དུ་ཡོད་པའི་ཡུ་གུར་བ་རྣམས་ལ་སྟངས་འཛིན་བྱེད་བཞིན་ཡོད་འདུག་ལ། སྲིད་བྱུས་དེ་ནི་རྒྱལ་མཚམས་བརྒལ་ནས་གཞན་གྱི་ས་ཐོག་ཏུ་ཡོད་པའི་མི་མང་དག་ལ་མནར་གཅོད་བྱེད་པའི་སྲིད་བྱུས་ཤིག་ཡིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
