རྒྱ་ནག་ཏུ་དྲག་ཆར་རླུང་འཚུབ་དང་ཆུ་ལོག་གི་དཀའ་ངལ།


ཟླ་འདིའི་ཚེས་༡ ཉིན་(South China Morning Post) ་ཞེས་པའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ཏུ་ཉིན་བཞིའི་རིང་ཆར་པ་བསྟུད་མར་བབས་པར་བརྟེན། ཆུ་ལོག་བྱུང་བའི་དཀའ་ངལ་འོག་མི་གྲངས་༡༡ གི་ཚེ་སྲོག་ཤོར་ཡོད་པ་དང་། མི་གྲངས་འབུམ་གཅིག་ལྷག་ས་གནས་གཞན་དུ་ཆར་གཡོལ་དུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

འདས་པའི་ཉིན་གྲངས་བཞིའི་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཆར་པ་བསྟུད་མར་བབས་ནས་མི་གྲངས་༡༡ གི་ཚེ་སྲོག་ཤོར་ཡོད་པ་དང་། ཆུ་ལོག་གི་ཁྲོད་དུ་མི་གྲངས་༢༧ ནི་གར་སོང་ཆ་མེད་དུ་གྱུར་ཡོད་འདུག རྒྱ་གཞུང་གི་ཆུ་ལོག་སྔོན་འགོག་སྡེ་ཚན་གྱིས་བརྗོད་གསལ་ལྟར་ན། ད་ལྟའི་ཆར་རྫོང་ཁག་༡༣ ནང་མི་གྲངས་༤༤༠༠༠ ལྷག་ལ་གནོད་འཚེ་ཕོག་ཅིང་། མི་གྲངས་༡༢༧༠༠༠ས་གནས་གཞན་དུ་ཆར་གཡོལ་འགྲོ་དགོས་བྱུང་ཡོད་འདུག  རྒྱ་གཞུང་གི་ཛ་དྲག་བཀོད་འདོམས་ལྷན་ཁང་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་། ཐེན་ཅིན་དང་ཧི་པེ་ཞིང་ཆེན་བཅས་སུ་ཆུ་ལོག་ཆེ་རུ་འགྲོ་སྲིད་པའི་ཉེན་བརྡ་ཡང་བཏང་ཡོད་འདུག

ཟླ་འདིའི་ཚེས་༡ ཉིན་གྱི་ཞོགས་པ་དྲག་ཆར་རླུང་འཚུབ་ཀྱི་དབང་གིས་པེ་ཅིང་རྒྱལ་སྤྱིའི་གནམ་ཐང་དུ་གནམ་གྲུ་༧༠ འཕུར་མཚམས་བཞག་དགོས་འཁེལ་ཡོད་འདུག ལྷག་པར་དུ་ཕྱི་ལོ་༢༠༡༩ ལོར་འཛུགས་བསྐྲུན་བྱས་པའི་རྒྱ་ནག་གི་ཏ་ཤིན་(Daxing) ་རྒྱལ་སྤྱིའི་གནམ་ཐང་ལ་ཡང་གནོད་སྐྱོན་ཕོག་པར་བརྟེན། གནམ་གྲུ་༣༠༠ འཕུར་མཚམས་བཞག་དགོས་བྱུང་ཡོད་འདུག

ཟླ་༧ ཚེས་༣༠ ཉིན་དབྱིན་ཇིའི་རོའུ་ཊར་(Reuters) གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་ཧི་པེ་(Hebei) ཞིང་ཆེན་གྱི་གྲོང་ཁྱེར་ཧྲི་ཅ་ཀྲོང་(Shijiazhuang) ཞེས་པའི་ནང་མི་གྲངས་༢༠༥༠༠ ཆུ་ལོག་གི་ཉེན་ཁ་ལས་གཡོལ་ཆེད་ས་གནས་གཞན་དུ་སྤོ་དགོས་འཁེལ་ཡོད་པ་མ་ཟད། ཉིན་དེའི་མཚན་མོ་རྒྱ་ནག་གི་ལྷོ་ཤར་ཧྥུ་ཅན་(Fujian) ་ཞིང་ཆེན་ནང་མི་མང་ས་ཡ་༡.༤༦ ལ་ཆུ་ལོག་གི་གནོད་འཚེ་ཕོག་ཡོད་འདུག  དེ་བཞིན་ཞིང་ཆེན་དེའི་ནང་མི་གྲངས་༣༦༣༠༠༠ ཆུ་ལོག་གི་ཉེན་ཁ་ལས་གཡོལ་དགོས་བྱུང་ཞིང་། ཆུ་ལོག་གི་དབང་གིས་རྒྱ་སྒོར་ཐེར་འབུམ་༣.༡ ལྷག་གི་དཔལ་འབྱོར་གྱོང་གུད་ཀྱང་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག

དབྱིན་ཇིའི་(The Guaardian) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ཏུ་ཆར་རླུང་གི་དཀའ་ངལ་མ་བྱུང་སྔོན་དུ། ཊོ་ཁེ་སོ་རི་(Doksuri) ཞེས་པའི་ཆར་རླུང་དེ་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཧྥི་ལི་ཕིང་དང་དེ་བཞིན་ཐེ་ཝན་བཅས་སུ་ལྡང་ནས་ས་ཁུལ་དེ་དག་ལ་ཆུ་ལོག་དང་ས་རུད་པའི་དཀའ་ངལ་འཕྲད་ཡོད་པ་མ་ཟད། མི་གྲངས་༢༥ ཡི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་ཐོན་འདུག ཟླ་བ་སྔོན་མའི་ཚེས་༢༩ ཉིན་རྒྱ་ནག་གི་གནམ་གཤིས་རྟོག་ཞིབ་ཚན་པས་མ་འོངས་བདུན་ཕྲག་གཅིག་གི་རིང་། པེ་ཅིང་གི་ལྷོ་ཕྱོགས་དང་ཧི་པེ་(Hebei) ཞིང་ཆེན་

གྱི་དབུས་དང་ནུབ་ཕྱོགས་ས་ཁུལ། ཧི་ནན་ཞིང་ཆེན་གྱི་བྱང་རྒྱུད་དང་ཧྲན་ཞིན་ཞིང་ཆེན་གྱི་ཤར་རྒྱུད་བཅས་སུ་ཡོད་པའི་གཙང་ཆུ་ཆེ་རུ་ཕྱིན་ནས་ཉེན་བརྡའི་ཚད་གཞི་ལས་བརྒལ་ཞིང་གློ་བུར་གྱི་ཆུ་ལོག་དང་ས་རུད་པ་སོགས་ཀྱི་གནོད་འཚེ་འབྱུང་སྲིད་རབས་བརྗོད་ཡོད་འདུག

ཊོ་ཁེ་སོ་རི་ཞེས་པའི་ཆར་རླུང་དེ་ནི་ལོ་འདིའི་ནང་རྒྱ་ནག་ནང་ལྡང་བའི་རླུང་འཚུབ་ཆེ་ཤོས་དང་ཕྱི་ལོ་༢༠༡༦ ནས་ད་བར་རྒྱ་ནག་གི་ལྷོ་ཤར་ཧྥུ་ཅན་(Fujian) ་ཞིང་ཆེན་ནང་ལྡང་བའི་རླུང་འཚུབ་ཆེ་ཤོས་དེ་ཆགས་ཡོད་འདུག

ཟླ་འདིའི་ཚེས་༢ ཉིན་རྒྱ་ནག་ཏུ་ཆར་རླུང་དྲག་པོ་ཁ་ནུན་(Khanun) ཞེས་པ་ཞིག་རྒྱ་ནག་གི་ལྷོ་ཤར་ཞིང་ཆེན་ཁུལ་དུ་ལྡང་སྲིད་པ་དང་། ཆར་རླུང་དེ་ལོ་འདིའི་ནང་རྒྱ་ནག་ཏུ་ལྡང་བའི་ཆར་རླུང་ཐེངས་དྲུག་པ་འགྱུར་གྱི་ཡོད་པའི་གནས་ཚུལ་སྤེལ་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།