བར་མའི་འོས་བསྡུའི་འགྲོ་སོང་འབུམ་དགུ་ནས་བཅུ་བར་རེད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པའི་སྤྱི་འཐུས་འོས་འདེམས་བྱས་ཟིན་ནའང། དབུས་གཙང་ཆོལ་ཁའི་སྤྱི་འཐུས་གཉིས་ལ་འོས་གྲངས་བརྒྱ་ཆ་མ་ལོངས་པར། སྤྱི་འཐུས་བརྒྱད་ལས་འདེམས་མ་ཐུབ་པས། ད་ལྟ་བསྐྱར་དུ་སྤྱི་འཐུས་གཉིས་འདེམས་དགོས་བྱུང་ཡོད་པ་རེད།

བར་མའི་འོས་བསྡུའི་སྐོར་ལ་དབུས་འོས་བསྡུ་ལས་ཁང་དུ་འདི་གའི་གསར་འགོད་པས་བཅར་འདྲི་བྱེད་སྐབས། འགན་འཛིན་ལས་འཕར་རིག་འཛིན་ཆོས་གྲགས་ལགས་ཀྱིས་གསུང་དོན། “སྐབས་བཅོ་ལྔ་པའི་སྤྱི་འཐུས་བདམས་ཚར་བ་རེད་མོད། དབུས་གཙང་གི་སྤྱི་འཐུས་གཉིས་ལ་བརྒྱ་ཆ་མ་ལོངས་ནས། བསྐྱར་དུ་འོས་བསྡུ་བྱེད་དགོས་བྱུང་བ་རེད། བར་མའི་འོས་བསྡུ་དེ་ཉིན་བརྒྱ་དང་བརྒྱད་ཅུའི་ནང་ལ་ཚར་དགོས་པ་རེད་ལ། སྔོན་འགྲོ་དང་དངོས་གཞི་གཉིས་པ་བྱེད་དགོས་པ་རེད། སྔོན་འགྲོ་དེ་ཕྱི་ཟླ་༦ པའི་ཚེས་༡༩ ཉིན་དང་། དངོས་གཞི་ཕྱི་ཟླ་༩ པའི་ཚེས་༡༡ ལ་ཁེལ་བ་དང། ཕྱི་ཟླ་༩ ཚེས་༢༨ ལ་འོས་འདེམས་བྱུང་བ་གསལ་བསྒྲགས་བྱེད་རྒྱུ་དབུས་འོས་བསྡུ་ལས་ཁང་ནས་གཏན་ཁེལ་བ་རེད། ཡིན་ནའང་ཕྱི་ཟླ་དགུ་པའི་ནང་གྲོས་ཚོགས་སྔོན་ནས་སྤྱི་འཐུས་གཉིས་འདེམས་ཐུབ་ན་ཡག་པོ་ཡོད་སྐོར་གསུང་མཁན་འདུག་པས། སྔོན་འགྲོའི་དུས་ཚེེས་ལ་འགྱུར་བ་གཏོང་ཐབས་མེད་ཀྱང། དངོས་གཞི་འགྱུར་བ་གཏོང་ཐུབ་མིན་ལ་བསམ་བློ་གཏོང་ཆོག་གི་རེད་”ཅེས་འགྲེལ་བརྗོད་གནང་སོང་།

བར་མའི་འོས་བསྡུའི་འགྲོ་སོང་ག་ཚོད་ཡིན་མིན་སྐོར་དྲིས་པར། ཁོང་གིས། “ཧིན་སྒོར་འབུམ་དགུ་ནས་བཅུ་བར་འགྲོ་རྒྱུ་ཡིན་པ་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། འོས་བསྡུ་ལས་ཁང་གི་ཚོགས་མི་ཚང་མར་ཉིན་གླ་སྤྲོད་དགོས་པ་རེད་”ཅེས་བརྗོད་སོང།

ཕྱི་ཟླ་༦ ཚེས་༡ ལ་གསལ་བསྒྲགས་བྱས་འདུག་ལ། ཚེས་༡༩ ཉིན་འོས་ཤོག་འཕེན་དགོས་ཀྱི་ཡོད་པ་རེད། གསལ་བསྒྲགས་དེ་བོད་མིའི་གཞུང་འབྲེལ་གྱི་དྲ་གནས་གཅིག་པུ་ལས་བཏང་མེད་པས། དུས་ཚོད་ཐུང་ཐུང་འདིའི་ནང་མི་མང་གིས་ཧ་མ་གོ་བ་དང་། འོས་ཤོག་འཕེན་མཁན་ཉུང་ཉུང་ཆགས་ནས་བསྐྱར་དུ་བརྒྱ་ཆ་མ་ལོངས་པ་ཡོང་རྒྱུར་ཉེན་ཁ་ཡོད་པ་མཐོང་གི་ཡོད་དམ་ཞེས་དྲིས་པར། ཁོང་གིས། “ཁ་སང་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱི་དངོས་གཞི་གསལ་བསྒྲགས་བྱས་པ་དང། དབུས་གཙང་སྤྱི་འཐུས་གཉིས་ཀྱི་བརྒྱ་ཆ་ལོན་མེད་པ་གསལ་པོ་ཤེས་ཡོད་པས། ད་ལྟ་དུས་ཚེས་གཅིག་པུ་ལ་དོ་སྣང་བྱས་ན་གསལ་པོ་མ་ཤེས་པའི་དཀའ་ངལ་ཡོད་པ་མ་རེད”ཅེས་འགྲེལ་བརྗོད་བྱས་སོང་།

སྤྱིར་བཏང་འདི་ལོར་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་འོས་འདེམས་བྱས་ཡོད་པ་དང་། སྐབས་དེར་དབུས་གཙང་ཆོལ་ཁ་རུ་འོས་བསྡུའི་དེབ་སྐྱེལ་བྱེད་མཁན་༤༥༨༤༡ ཡོད་པ་དང་། དེའི་ནང་ནས་༢༤༥༠༧ འོས་བླུགས་པར་བརྟེན། དེབ་སྐྱེལ་ཀྱི་བརྒྱ་ཆ་༥༣༌༤༦ ཟིན་ཡོད་པ་རེད། མདོ་སྟོད་ཆོལ་ཁོངས་སུ་འོས་བསྡུའི་དེབ་སྐྱེལ་བྱེད་མཁན་༢༢༡༩༦ བྱུང་བ་དང་དེའི་ནང་ནས་༡༣༥༧༡ གིས་འོས་བླུགས་པ་དང་དེབ་སྐྱེལ་བྱེད་མཁན་གྱི་བརྒྱ་ཆ་༦༡༌༡༤ ཡིན་པ་རེད། མདོ་སྨད་ཆོལ་ཁོངས་སུ་དེབ་སྐྱེལ་བྱེད་མཁན་༤༤༥༦ བྱུང་བ་དང་། དེའི་ནང་ནས་༢༧༥༩ ལོས་བླུགས་པ་དང་དེབ་སྐྱེལ་གྱི་བརྒྱ་ཆ་༦༡༌༩༢ ཟིན་ཡོད་པ་རེད།

བྱང་ཨ་རིའི་ཁོངས་ནས་དེབ་སྐྱེལ་བྱེད་མཁན་ ༧༢༦༠ དང་ ༥༥༩༡ དངོས་སུ་འོས་བླུགས་ནས་དེབ་སྐྱེལ་གྱི་བརྒྱ་ཆ་ ༧༧༌༠༡ ཟིན་ཡོད་པ་རེད།

ཡུ་རོབ་ཁོངས་ནས་དེབ་སྐྱེལ་བྱེད་མཁན་ ༣༠༦༤ དང་ ༢༠༥༤ དངོས་སུ་འོས་བླུགས་ནས་དེབ་སྐྱེལ་གྱི་བརྒྱ་ཆ་ ༦༧༌༠༤ ཟིན་ཡོད་པ་རེད།

ཁྱོན་བསྡོམས་དེབ་སྐྱེལ་བྱེད་མཁན་ ༨༢༨༡༧ དང་འོས་བླུགས་མཁན་ ༤༨༤༨༢ བྱུང་ནས་དེབ་སྐྱེལ་བྱེད་མཁན་གྱི་སྤྱིའི་བརྒྱ་ཆ་ ༥༨༌༥༤ ཡིན་པ་རེད།།

{jcomments on}

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||