རྒྱ་གར་གྱི་མཁའ་དབྱིངས་འཕུར་མདའ་ཟླ་བའི་གོ་ལའི་ལྷོ་སྣེར་འབབ་ཐུབ་པས་༧གོང་ས་མཆོག་གིས་འཚམས་འཕྲིན་གནང་།

ཕྱི་ཟླ་༨ པའི་ཚེས་༢༣ དགོང་དྲོར་རྒྱ་གར་གྱི་མཁའ་དབྱིངས་འཕུར་མདའ་ཅན་རྡར་ཡན-༣ ཟེར་བ་དེ་ཟླ་བའི་གོ་ལའི་ལྷོ་སྣེ་རུ་བབས་ཐུབ་ཡོད་པ་དང་། དེ་ནི་འཛམ་གླིང་ཐོག་ཟླ་བའི་གོ་ལའི་ལྷོ་སྣེ་རུ་འཕུར་མདའ་བཏང་སྟེ་འབབ་ཐུབ་མཁན་རྒྱ་གར་ཐོག་མ་ཆགས་ཡོད་པར་བརྟེན། ཕྱི་ཟླ་༨ ཚེས་༢༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དྷིས་ལགས་སུ་ཅན་རྡར་ཡན-༣ གསུམ་པ་ཟླ་བའི་སྟེང་འབབ་རྒྱུ་ལེགས་གྲུབ་བྱུང་བར་ལེགས་གསོའི་འཚམས་འཕྲིན་གནང་འདུག

འཚམས་འཕྲིན་ནང་དུ། ཅན་རྡར་ཡན-༣་ཟླ་བའི་གྲོང་དུ་བདེ་བླག་ངང་འབབ་ཐུབ་པ་ནི་གནའ་སྔ་མོ་ནས་ཚན་རིག་ཡར་རྒྱས་ཐད་དོ་སྣང་གནང་མཁན་རྒྱ་གར་མི་མང་ལ་ལེགས་སྐྱེས་ཤིག་ཡིན་པ་དང་།  མགོན་པོ་གང་གིས་ལས་དོན་འདི་ཉིད་ལེགས་གྲུབ་ཆེད་སྐུ་ལས་སྐྱོན་མཁན་རྒྱ་གར་གྱི་ཚན་རིག་ཉམས་ཞིབ་སྒྲིག་འཛུགས་ཀྱི་འགོ་ལས་ཡོངས་ལ་དགའ་བསུའི་བསྔགས་བརྗོད་ཞུས་གནང་བ་དང་། ཁོང་རྣམ་པས་རྒྱ་གར་གྱི་ཚན་རིག་དང་འཕྲུལ་ལས་ཡར་ཐོན་གྱི་དཔང་རྟགས་དངོས་སུ་བསྟན་ཡོད་པར་གསུངས་པ་མ་ཟད།

མགོན་པོ་གང་ཉིད་རྒྱ་གར་གྱི་དུས་ཡུན་རིང་ཤོས་ཀྱི་མགྲོན་པོ་ཞིག་ཡིན་པའི་ཆ་ནས་རྒྱལ་ཁ་འདིར་དགའ་བ་སྒོམ་གྱི་ཡོད་པར་གསུངས་པ་དང་། དེ་བཞིན་རྗེས་ཕྱོགས་སུའང་རྒྱ་གར་གྱི་ཚན་རིག་ཉམས་ཞིབ་སྒྲིག་འཛུགས་ཀྱི་ངོས་ནས་ཚན་རྩལ་རིག་པའི་གནས་ལ་མུ་མཐུད་ནས་འགོ་ཁྲིད་ལམ་སྟོན་གནང་བའི་ཡིད་ཆེས་ཡོད་པར་གསུངས་འདུག

སྔོན་ཆད་ཨ་རི་དང་རྒྱ་ནག་གིས་ཟླ་བའི་ཐོག་འཕུར་མདའ་བཏང་ཡོད་ཀྱང་། ཟླ་བའི་ལྷོ་སྣེ་རུ་གཏོང་ཐུབ་མེད་པ་ཡིན་འདུག འདི་ལོའི་ཕྱི་ཟླ་༧ ཚེས༡༤ ཉིན་རྒྱ་གར་གྱི་མཁའ་དབྱིངས་ཉམས་ཞིབ་ལྟེ་གནས་ཁང་ISRO གིས་ ཅན་རྡར་ཡན-༣ ཟེར་བ་དེ་ཟླ་བའི་གོ་ལའི་ཐོག་གཏོང་འགོ་བཙུགས་ཡོད་པ་དང་། ཕྱི་ཟླ་༨ ཚེས ༢༣ དགོང་དྲོའི་ཆུ་ཚོད་༥ དང་སྐར་མ་༡༩ ཐོག་འབབ་ཐུབ་རྒྱུའི་ཚད་གཞི་བཞག་ཡོད་ཀྱང་། འབབ་སའི་ས་ཚུགས་བདེ་བོ་མེད་པའི་རྐྱེན་གྱིས་སྐར་མ་འགའ་ཤས་རིང་རྗེས་ལུས་ཐེབས་ཡོད་ཀྱང་ཆུ་ཚོད་༦ དང་སྐར་མ་༤ ཙམ་ལ་ཟླ་བའི་གོ་ལའི་ལྷོ་སྣེ་རུ་འབབ་ཐུབ་ཡོད་འདུག  སྲིད་བློན་མོ་དྷི་ལགས་ཀྱིས་དྲྭ་ཐོག་གི་ཐད་གཏོང་བརྒྱུད་ནས་དགའ་སྤྲོ་ཆེན་པོས་རྒྱ་གར་གྱི་ཚན་རིག་པ་རྣམས་ལ་འཚམས་འདྲི་ཞུས་སོང་ལ། ཕྱོགས་གང་སར་ནས་རྒྱ་གར་མི་མང་རྣམས་ཀྱང་དགའ་སྤྲོའི་རྣམ་པས་ཁེངས་པ་སྤྱི་ཚོགས་བརྒྱུད་ལམ་ཁག་ནས་མཐོང་རྒྱུ་འདུག དེ་རིང་གི་རྒྱ་གར་གྱི་མཁའ་དབྱིངས་འཕུར་མདའ་དེས་ཟླ་བའི་གོ་ལའི་ཐོག་ཆུའི་རྡུལ་ཕྲན་འཚོལ་རྒྱུ་ཡིན་འདུག

ཕྱི་ལོ་༢༠༡༩ ལོར་ ཅན་རྡར་ཡན-༢ པ་ཟེར་བའི་མཁའ་དབྱིངས་འཕུར་མདའ་དེ་ཟླ་བའི་གོ་ལའི་ཐོག་བཏང་ཡོད་ཀྱང་། མཐའ་མ་ཟླ་བའི་ཐོག་འབབ་རྒྱུའི་འགྱང་ཐག་སྤྱི་ལེ་༥ ཙམ་ལས་མེད་དུས་འབྲེལ་བ་བརླགས་ནས་བར་སྣང་དུ་བོར་བརླག་ཤོར་ཡོད་འདུག་ཀྱང་ད་ཐེངས་འདི་བདེ་བླག་ཐོག་འབབ་ཐུབ་ཡོད་པ་རེད།

གསར་འགོད་པ་བསྟན་འཛིན་ལམ་བཟང་།