བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་ཀྱི་གནས་བབ་ག་རེ་ཡིན་པ་དེ་བོད་མི་ཚོས་འགན་ཁུར་བའི་ཐོག་ནས་རྩོམ་དང་དེབ་འབྲི་རྒྱུ་གལ་ཆེ།

ཕྱི་ཟླ་༩ ཚེས་༡༡ གི་སྔ་དྲོར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་གསོ་བ་རིག་པའི་ཉིན་མོ་ཐེངས་ལྔ་པའི་མཛད་སྒོ་དེ་བཞུགས་སྒར་གྱི་ཉེ་འདབས་སུ་རྟེན་གཞི་བྱས་པའི་འགྲོ་ཕན་སྨན་རྩིས་ཁང་དུ་འཚོགས་སོང་། སྐབས་དེར་འཕྲོད་བསྟེན་དྲུང་ཆེ་ལགས་དང་འགྲོ་ཕན་སྨན་རྩིས་ཁང་གི་དབུ་འཛིན། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ། ༧སྐུའི་བླ་སྨན་རྣམ་གཉིས་དང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་མི་སྨན་རམས་པ་ངག་དབང་བཟོད་པ་གཙོས་པའི་སྨན་རྩིས་ཁང་གི་སྡེ་ཚན་ཁག་གི་འགན་འཛིན་ལས་བྱེད་དང་སྨན་སློབ་བཅས་འཛོམས་འདུག ཐེངས་འདིར་འཕྲོད་བསྟེན་དྲུང་ཆེ་ལགས་ནས་སྣང་གསལ་སྒྲོན་མེ་ཞལ་འབྱེད་གནང་རྗེས་གསོ་རིག་གི་ཆེད་རྩོམ་ཕྱོགས་བསྡུས་འདོན་ཐེངས་༤ པ་དང་ཟླ་དྲུག་གསོ་རིག་གསར་འཕྲིན་འདོན་ཐེངས་༣༨ པ་དབུ་འབྱེད་དང་། གཞན་ཡང་ལྷན་ཚོགས་སུ་དཔལ་འབྱོར་དང་རྒྱབ་སྐྱོར་གནང་མཁན་རྣམས་ལ་ཕྱག་ཁྱེར་དང་གཟེངས་རྟགས་དང་དཔྱད་རྩོམ་འབྲི་མཁན་རྣམས་ལ་ཡང་ཕྱག་ཁྱེར་བཅས་གནང་སོང་།
དེ་རྗེས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ལགས་ནས་རྒྱལ་སྤྱིའི་ནང་ལོགས་སུ་ང་ཚོས་འགོ་ཁྲིད་པའི་ཐོག་ནས་ཚོགས་འདུ་འཚོགས་དགོས་པ་གལ་ཆེ་ཚུལ། བོད་ཀྱི་གསོ་བ་རིག་པའི་མིང་ཐོག་ནས་རྒྱ་གར་གྱི་ནང་ཁྲིམས་མཐུན་ངོས་འཛིན་ཡོང་ཐབས་བྱས་ཏེ་ངོས་འཛིན་བྱུང་བའི་སྐོར་དང་ད་ལྟའི་བོད་ཀྱི་གསོ་བ་རིག་པའི་གནས་བབ།
དེང་སང་བོད་ཀྱི་གསོ་རིག་པ་དབྱིན་ཇིའི་ནང་བསྒྱུར་རྒྱུ་འགོ་བཙུགས་ཡོད་པ་དང་ཧིན་དྰིའི་ནང་བསྒྱུར་རྒྱུའི་གོམ་པ་རྒྱག་བཞིན་པས་མ་འོངས་པར་བོད་ཀྱི་གསོ་བ་རིག་པའི་བསླབ་གཞི་ཧིན་དྰི་དང་དབྱིན་ཇིའི་ནང་བསྒྱུར་ན་གང་འདྲ་ཆགས་མིན་སོགས་ཀྱི་སྐོར་གསུངས་སོང་། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་ལགས་ནས་ད་ལྟའི་གསོ་བ་རིག་པའི་ལྷན་ཚོགས་འདི་ད་ལྟ་ཏོག་ཙམ་དཀའ་ལས་ཆགས་ཡོད་པ་དང་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སྒྲིག་འཛུགས་ཚང་མས་མཉམ་རུབ་ཀྱིས་ཚོགས་པ་འདི་ཧྲ་ཐག་ཐག་བྱ་རྒྱུ་གལ་ཆེ་ཚུལ་སོགས་དང་། ད་ལྟ་བར་ཞལ་འདེབས་བསླངས་ནས་འཚོ་སྡོད་ཀྱི་ཡོད་ཀྱང་མ་འོངས་པར་འདི་འདྲ་བྱས་ནས་ག་ཚོད་བར་དུ་འཚོ་ཐུབ་མིན་དང་། བོད་ཀྱི་གསོ་བ་རིག་པའི་ཚོགས་པའི་ངོས་ནས་ཚོང་བཅས་ཀྱི་ལམ་འགག་མེད་པས་གཤམ་འོག་གི་ཚོགས་པ་ཁག་གིས་བརྒྱ་ཆ་ཏོག་ཙམ་ཡར་ཚོགས་པར་ཕུལ་ཡ་ཡོད་པ་བཟོས་ན་གང་འདྲ་ཡོང་མིན་ཐད་གྲོས་བསྡུར་གནང་རྒྱུ་སོགས་ཀྱི་དགོངས་ཚུལ་གསུངས་སོང་།

མཇུག་ཏུ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་མི་སྨན་རམས་པ་ངག་དབང་བཟོད་པ་ལགས་ནས་ཐུགས་རྗེ་ཆེ་མ་ཞུས་སྔོན་དུ།
བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འདི་༢༠༠༤ ནས་བཙུགས་ཡོད་པ་དང་ཕྱག་ལས་གཙོ་བོ་ནི། ཁྱབ་ཁོངས་ཀྱི་མཐོ་སློབ་ཁག་གི་བསླབ་གཞི་རྩ་འཛིན་གཏན་འབེབས་བྱེད་རྒྱུ། བཙན་བྱོལ་ནང་དུ་འགྲོ་ཕན་སྨན་རྩིས་སྨན་ཁང་གཙོས་པའི་སྨན་སྦྱོར་དང་ཕྱག་བསྟར་གནང་ཡ་དེ་ཚོ་གཞུང་ལུགས་དང་མཐུན་མིན། བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་སྨན་པ་ཚད་ལྡན་ཐོན་འདུག་མིན།  འདུག་ན་ལག་ལེན་བསྟར་བ་འདུག་མིན་སོགས་ལ་རྟོག་ཞིབ་གནང་ཡ་ཡིན་པའི་སྐོར་དང་།
གཞན་ཡང་དཀའ་ངལ་ཆེ་ཤོས་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་ཡིག་གཏན་ལ་ཕབ་བཞག་པ་དེ་ཉུང་ཤས་ལས་ལག་ལེན་ཁེལ་བ་ཞིག་གནང་ཐུབ་མེད་པ་དང་།

ད་དུང་ཁྲིམས་ཡིག་དེ་ཧ་ལམ་ནུས་མེད་རང་ལབ་ན་འགྲིག་གི་མ་རེད་པ། སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་ཡིག་གཏན་ལ་ཕབ་བཞག་པ་དེ་ཁྲིམས་ཡིག་གཅིག་ཡོད་ཀྱང་ལག་ལེན་མེད་དུས། ཁྲིམས་ལག་ལེན་མ་བསྟར་ན་ཁྲིམས་འགལ་ཆགས་ཡོད་པ་དང་། ཁོང་རྣམས་ཀྱིས་སྤྱི་འཐུས་རིམ་པར་བསྐྱར་བཅོས་གནང་དགོས་པའི་བསམ་ཚུལ་ཕུལ་ཡོད་པ། ཁྲིམས་ཡིག་དེ་མིག་ལ་ཚིག་རྫིག་པོ་འདྲ་ཞིག་ཡོད་ཀྱང་ལག་ལེན་མེད་པ་ཡིན་ན་སུ་ལའང་ཕན་ཐོགས་མེད་ཚུལ། དེ་བཞིན་རྒྱ་གར་གཞུང་ནས་༢༠༡༠ ནས་བོད་ཀྱི་གསོ་རིག་པ་ངོས་ལེན་གནང་། ༢༠༡༨ དང་༢༠༡༩ ནས་གསོ་བ་རིག་པའི་སློབ་གྲྭ་ཚང་མ་དེབ་སྐྱེལ་བྱེད་ཡ་དང་བསླབ་གཞི་ཚང་མ་གཏན་འབེབས་བྱས་ཚར་བ
འི་སྐོར་སོགས་གསུངས་སོང་།

མཛད་སྒོ་གྲོལ་རྗེས་གསར་འགོད་པ་ཚོས་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ལགས་སུ་བཅར་འདྲི་བྱེད་སྐབས། དེ་རིང་ལྷན་ཚོགས་དེ་ཐེངས་ལྔ་པ་ཆགས་ཡོད་པ་དང་། བོད་ནང་ལ་ཆབ་སྲིད་ཀྱི་གོད་ཆག་བྱུང་བ་ནས་བོད་མི་རྣམས་ཁ་འཐོར་དགུ་འཐོར་དུ་གནས། བོད་ནང་གི་རིག་གཞུང་སྤྱི་ལ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་དུ་༧སྤྱི་ནོར་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་ནང་གི་སྨན་པ་བགྲེས་པ་གྲགས་ཅན་ཁག་ཅིག་ཐོག་མར་བསྡུ་སྐོང་གནང་བའི་ཐོག་ནས། ད་ལྟའི་སྨན་རྩིས་ཁང་དང་འཛམ་བུ་གླིང་ཕྱི་ལོགས་ནང་ལོགས་སུ་བོད་ཀྱི་གསོ་བ་རིག་པས་འཛམ་བུ་གླིང་མི་མང་ལ་ཞབས་འདེགས་ཞུ་ཐུབ་པ་དང་། དེའི་མཉམ་དུ་བོད་མི་མང་གི་མཚན་མཐོང་ལ་རྒྱ་ལ་ཕན་ཐོགས་ཡོང་ཐུབ་པ་བྱུང་བ་དང་། རྩ་བའི་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་དང་། མི་རབས་རྒན་པ་ཚོས་སྐུ་ལས་བསྐྱོན་པ་དེར་བཀའ་དྲིན་རྗེས་དྲན་ཞུ་བའི་དུས་ཚོད་གལ་ཆེན་པོ་ཞིག་ཆགས་ཡོད་པའི་སྐོར་དང་། དེ་བཞིན་བོད་ཀྱི་གསོ་བ་རིག་པའི་གནས་སྟངས་ཀྱི་སྐོར་ལ། ང་ཚོ་གཞན་དབང་སྟབས་བསྟུན་རེད། བོད་ཀྱི་གསོ་བ་རིག་པ་ནི་རྒྱ་ཆེ་ལ་གཏིང་ཟབ་པ་འཛམ་བུ་གླིང་གི་མི་མང་ལ་ཞབས་འདེགས་ཞུ་ཐུབ་པའི་ང་ཚོ་བོད་པའི་རྩ་ཆེའི་རིག་གཞུང་ཞིག་ཡིན་པ་དང་། བདག་དབང་དང་དེ་འདྲའི་ཐོག་ལ་བཀའ་མོལ་ཞུ་དུས་ང་ཚོ་ལ་རྒྱལ་ཁབ་ཡོད་མ་རེད། དེར་བརྟེན་གནས་སྟངས་གཅིག་གི་ཐོག་ལ་འདས་པའི་ལོ་མང་ནང་རྒྱལ་སྤྱིའི་དངོས་མིན་ཤུལ་བཞག་གི་ཐོག་ལ་རྒྱ་དཀར་ནག་གཉིས་ཀྱིས་དེའི་བདག་དབང་ལ་རྩོད་ལེན་བྱེད་ཀྱི་ཡོད་རེད།

དེའི་ཐོག་ལ་ང་རང་ཚོས་གནས་བབ་ལ་དཔག་པའི་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་ཀྱི་གནས་བབ་ག་རེ་ཡིན་པ་དེ་བོད་མི་ཚོས་འགན་ཁུར་བའི་ཐོག་ནས་རྩོམ་དང་དེབ་བྲི་ཡ། དེ་བཞིན་འཛམ་བུ་གླིང་ནང་ལོགས་སུ་ང་རང་ཚོའི་གནས་བབ་དེ་ང་ཚོས་བཤད་དགོས་ཡ་དེ་ང་ཚོའི་ཐོབ་ཐང་རེད་ལ་གལ་ཆེན་པོ་རེད་ཅེས་དང་། གཞན་ཡང་
སློབ་སྦྱོང་ཡག་པོ་བྱས་ན་མདུན་ལམ་ཡོད་པའི་སྐོར་གསུངས་དོན། རྒྱ་གར་གྱི་མི་སེར་ཡིན་མིན་གྱིས་ལས་ཀར་འཛུལ་ཆོག་མི་ཆོག་གི་ཐོག་དཀའ་ངལ་ཡོད་པ་དེར། ང་ཚོའི་མི་ལ་གསོ་བ་རིག་པའི་ཐོག་ཞབས་འདེགས་ཞུ་རྒྱུའི་ཡོན་ཏན་དེ་ཡོད་པས། བོད་མི་ཡིན་པ་ཚོར་ཡང་ལས་སྣེ་དེ་འདྲ་དགོས་པར་རྒྱ་གར་གཞུང་ལ་ཞུས་ཡོད་པས་ལས་ཀ་དེ་ཚོ་རིམ་པ་འགྲོ་གི་ཡིན་པ་དང་། དེ་མིན་འགྱུར་གྱི་ལས་གཞི་དང་སྒེར་གྱི་སྨན་ཁང་། ཐ་ན་འཕྲོད་བསྟེན་གཟུགས་འཕེར་གྱི་ཕྱག་ཁྱེར་ཞིག་དགོས་ཀྱང་གསོ་བ་རིག་པའི་རྒྱུན་འཛིན་སྨན་པ་ཚོས་ཕྱག་ཁྱེར་གནང་བ་དེ་ཁྲིམས་མཐུན་ཆགས་ཡོད་པའི་སྐོར་སོགས་ལན་འདེབས་གནང་སོང་།
བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནི་ཕྱི་ལོ་༢༠༠༤ ལོར་གསར་འཛུགས་བྱས་ཏེ། ༢༠༡༡ ལོར་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་ཚོགས་པ་དེབ་སྐྱེལ་གྱི་ཁྲིམས་སྒྲིག་འོག་ཚོགས་པ་ཞིག་གི་མིང་ཐོག་དེབ་སྐྱེལ་ཞུས་ཏེ། རྡ་རམ་སཱ་ལ་གངས་ཅན་སྐྱིད་གཤོངས་སུ་རྟེན་གཞི་བྱས་ཡོད་པ་དང་། བོད་ཀྱི་གསོ་བ་རིག་པའི་ཁྱབ་ཁོངས་མཐོ་སློབ་ལྔ་དང་དེབ་སྐྱེལ་ཡོད་པའི་ཚོགས་མི་༦༠༠  དེ་བཞིན་ད་ལྟ་སྐབས་བདུན་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་༡༢ བཅས་ཡོད་འདུག


གསར་འགོད་པ་བསྟན་འཛིན་ལམ་བཟང་།