རྒྱ་ནག་ནང་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་བླངས་པའི་ཉེས་མིང་འོག་འགོ་ཁྲིད་འཇུ་བཟུང་། 

ད་ཆར་རྒྱ་ནག་གི་འགོ་ཁྲིད་ཁྲོད་ལྐོག་ཟ་རུལ་སུངས་ཀྱི་མིང་ཐོག་ནས་འགོ་ཁྲིད་མང་པོ་ཞིག་བཙོན་འཇུག་ཁྲིམས་བཅད་ཕོག་གི་ཡོད་པ་བཞིན། དེ་རིང་ཡང་རྒྱ་ནག་གཞུང་གི་འགན་བཅོལ་ཚོགས་པའི་(Insurance)གཙོ་འཛིན་ཞིག་བཙོན་འཇུག་བྱས་ཡོད་པ་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་བཞིན་འདུག

ཕྱི་ཚེས་༡༣ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་ལྟར་ན། རྒྱ་ནག་གཞུང་གི་མི་ཚེའི་འགན་བཅོལ་(life Insurance)ཚོགས་པའི་གཙོ་འཛིན་ཟུར་པ་ཝང་(Mr Wang)ཟེར་བ་ཞིག་བཙོན་འཇུག་བྱས་ཡོད་པ་དང་། དང་ཐོག་ཁོ་ལོ་གཉིས་ཀྱི་རྗེས་སུ་སྲོག་ཐོག་གཏང་རྒྱུའི་ཁྲིམས་ཐག་བཅད་ཡོད་ཀྱང་། རྗེས་སུ་ལོ་གཉིས་ཀྱི་རྗེས་སུ་ཚེ་བཙོན་བྱེད་རྒྱུའི་ཁྲིམས་ཐག་བཅད་ཡོད་འདུག ཝང་ཟེར་བའི་འགོ་ཁྲིད་དེ་རྒྱ་ནག་གི་( Shandong)ཧྲན་ཏུང་ཞིང་ཆེན་གྱི་ཁྲིམས་ཁང་ཞིག་ནས་རྒྱ་སྒོར་ས་ཡ་༣༢༥ ལྐོག་རྔན་བླངས་ཡོད་པ་ཤེས་རྟོགས་བྱུང་བའི་རྗེས་སུ་ཁྲིམས་ཐག་བཅད་ཡོད་འདུག དེ་བཞིན་ཝང་ཟེར་བ་དེ་ཚོང་ལས་སྡེ་ཚན་ཞིག་གི་ནང་དུ་ཡོད་པའི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཡིན་པ་དང་། ཁོས་ཕྱི་ཕྱོགས་སུ་རྒྱ་སྒོར་ས་ཡ་༥༤་༢ ཉར་ཡོད་པ་ཡང་ཤེས་རྟོགས་བྱུང་ཡོད་འདུག ཁོ་ནི་ཞི་ཅིན་ཕིང་གིས་ལྐོག་ས་རུལ་སུངས་ལ་རྡུང་རྡེག་ཁྲོད་དམར་ཤོག་ཚོགས་པའི་ཚོང་ལས་སྡེ་ཚན་གྱི་འགོ་ཁྲིད་ཅིག་ལ་ཁྲིམས་ཆད་ཕོག་མཁན་སྔ་ཤོས་དེ་ཝང་ཟེར་བ་དེ་ཡིན་འདུག དེ་བཞིན་འདི་ལོའི་ཕྱི་ཟླ་༡ ནང་གར་སོང་ཆ་མེད་དུ་གྱུར་ཡོད་པའི་རྒྱ་ནག་དབུས་གཞུང་གི་དངུལ་ཁང་གི་འགན་འཛིན་(Bao Fan)ཟེར་བའི་འགོ་ཁྲིད་དེ། ལྐོག་ས་རུལ་སུངས་ཀྱི་དོགས་གཞིའི་འོག་ད་ལྟ་ཞིབ་དཔྱོད་བྱེད་བཞིན་ཡོད་འདུག ཕྱི་ཟླ་༦ ནང་རྒྱ་ནག་དབུས་གཞུང་དངུལ་ཁང་གི་སྤྱི་ཁྱབ་གཞོན་པ་( A deputy governor of the country’s central bank) (fan Yifei)ཟེར་བ་ཞིག་གིས་ལྐོག་དངུལ་ཕོན་ཆེན་བླངས་པའི་དོགས་གཞིའི་འོག་ཏུ། དམར་ཤོག་ཚོགས་པ་ནས་ཕྱིར་འཕུད་བཏང་ཡོད་པ་མ་ཟད། ད་ཆར་བཙོན་ལ་བཅུག་ནས་ཞིབ་དཔྱོད་བྱེད་བཞིན་ཡོད་འདུག དེའི་རྗེས་དངུལ་ཁང་གི་ལས་དོན་བྱེད་ཕྱོགས་ཐད་ལྟ་རྟོག་བྱེད་མཁན་གྱི་འགོ་ཁྲིད་ཟུར་པ་( Cai Esheng)ཟེར་བ་ཞིག་རྒན་ཡོལ་ཞུས་ནས་ལོ་མང་པོ་ཕྱིན་ཡོད་ཀྱང་། སྔོན་མ་ལྐོག་དངུལ་བླངས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག ཕྱི་ལོ་༢༠༢༡ ནང་རྒྱ་ནག་གི་(Hunan) ཞིང་ཆེན་ནང་ཡོད་པའི་(Huarong) ཟེར་བའི་ས་ཆའི་ནང་ཡོད་པའི་རྒྱ་ནག་དབུས་གཞུང་གི་ཚོང་ལས་ཀྱི་མ་རྩ་ཕོན་ཆེན་བཙུགས་ཡོད་པའི་བཟོ་གྲྭའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་(Lai Xiaomin) ཟེར་བ་དེ་ལྐོག་ས་རུལ་སུངས་བྱས་པའི་རྐྱེན་གྱིས་བཙོན་འཇུག་ཁྲིམས་ཆད་ཕོག་ཡོད་འདུག ལོ་དེ་ག་རང་ནང་རྒྱ་ནག་གི་(China development bank )ཟེར་བའི་དངུལ་ཁང་གི་གཙོ་འཛིན་ཟུར་པ་(Hu Huaibang)ཟེར་བ་དེ་རྒྱ་སྒོར་ས་ཡ་༨༤་༥ ལྐོག་རྔན་བླངས་པའི་ཉེས་མིང་འོག་ཚེ་བཙོན་ཁྲིམས་ཆད་ཕོག་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།