བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་སྐོར་གྱི་དཔེ་དེབ་དབུ་འབྱེད་དང་ལོ་རྒྱུས་བསྐྱར་ཞིབ་འཆད་ཁྲིད་དབུ་འཛུགས།

དེ་རིང་སྔ་དྲོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་དཔར་སྐྲུན་ཞུས་པའི་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་སྐོར་གྱི་དཔྱད་རྩོམ་ཕྱོགས་སྒྲིག་གི་དཔེ་དེབ་གཅིག་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་དབུ་འབྱེད་གནང་ཡོད་པ་དང་། དེའི་རྗེས་སུ་གཞུང་ས་དགའ་ལྡན་ཕོ་བྲང་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་གནས་བབ་བསྐྱར་ཞིབ་ཀྱི་འཆད་ཁྲིད་ཉིན་གཉིས་རིང་གནང་རྒྱུ་ཡིན་འདུག
ཕྱི་ཟླ་ ༠༩ ཚེས་ ༡༤ ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀམ་པུ་ཊར་སྡེ་ཚན་གྱི་ཚོགས་ཁང་དུ། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་དཔར་སྐྲུན་འདོན་སྤེལ་གནང་བའི་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་སྐོར་གྱི་དཔྱད་རྩོམ་ཕྱོགས་སྒྲིག་གི་དཔེ་དེབ་གཅིག་དབུ་འབྱེད་གནང་ཡོད་པ་དང་། དེའི་རྗེས་སུ་གཞུང་ས་དགའ་ལྡན་ཕོ་བྲང་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་གནས་བབ་བསྐྱར་ཞིབ་ཞེས་པ་དུས་ཡུན་ཉིན་གཉིས་རིང་གི་འཆད་ཁྲིད་གཅིག་དབུ་འཛུགས་གནང་ཡོད་པ་རེད། བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ཉམས་ཞིབ་གནང་རྒྱུ་གལ་ཆེ་བའི་སྐོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་གསུངས་དོན། རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་གནང་སྒོར་ཐེ་བྱུས་ཤུགས་ཆེ་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ལ་ཐེ་གཏོགས་བྱེད་པ་ནི་ཆོས་དད་དང་འབྲེལ་བ་མེད་པར་ཆབ་སྲིད་ཁོ་ནའི་དགོས་མཁོའི་ཆེད་བེད་སྤྱོད་བྱེད་རྩིས་ཡོད་པས། བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་སྐོར་ཞིབ་འཇུག་བྱ་རྒྱུ་གལ་ཆེ་བ་བཞིན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་འདོན་སྤེལ་ཞུས་པའི་དཔྱད་རྩོམ་ཕྱོགས་སྒྲིག་འདིའི་ནང་དུ་གཙོ་བོ་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་སོ་སོའི་ལུགས་སུ་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་སྐོར་ཞིབ་འཇུག་གསལ་སྟོན་གནང་ཡོད་ཚུལ་གསུངས་ཡོད་པ་རེད།

ཐེངས་འདིའི་འཆད་ཁྲིད་མུན་སེལ་སྒྲོན་མེའི་ལེ་ཚན་ཞེས་པ་ཉིན་གྲངས་གཉིས་རིང་གི་འཆད་ཁྲིད་གནང་མཁན་ནི། ས་རཱ་བོད་ཀྱི་མཐོ་སློབ་ཀྱི་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ནས་༸རྒྱལ་མཆོག་བཅུ་གསུམ་པ་ཐེངས་གཉིས་ཉེན་ཡོལ་དུ་ཕེབས་པའི་བརྒྱུད་རིམ་སྐོར་དང་། ས་རཱ་བོད་ཀྱི་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ནས་༸སྡེ་པ་གཞུང་གི་ལོ་རྒྱུས་ཉིན་བྱེད་སྣང་བ་ལས་འཕྲོས་ཏེ་དགའ་ལྡན་ཕོ་བྲང་དང་ཧོ་ཤོད་རྒྱལ་ཁང་ཟེར་བའི་གནས་བབ་སྐོར། ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་དཔོན་འབུམ་རམས་པ་གཉན་ཐར་ལགས་ཀྱིས་གཞུང་ས་དགའ་ལྡན་ཕོ་བྲང་གི་དུས་ཀྱི་དགེ་ལུགས་པའི་དགོན་སྡེ་མ་ལག་གྲུབ་ཚུལ་གྱི་འགྱུར་ལྡོག་སྐོར་འཆད་ཁྲིད་གནང་རྒྱུ་ཡིན་འདུག།
གསར་འགོད་པ་བསྟན་འཛིན་ལམ་བཟང་།