ཕྱི་འཇམ་ནང་རྩུབ་ཀྱི་ཁ་ཕྱོགས།
སྔོན་དང་མི་འདྲ་བར་ད་ཆ་བོད་མི་མང་པོ་ཞིག་འཛམ་གླིང་ཤར་ནུབ་ཀུན་ཏུ་གནས་ཡོད་པས། འཛམ་གླིང་སྤྱིའི་གནས་སྟངས་ལའང་རྒྱུས་མངའ་ཡོད་དགོས་པ་ཞིག་ཏུ་གྱུར་ཡོད། བོད་ཡུལ་ཕུད་པའི་ཕྱིའི་རྒྱལ་ཁབ་ཅིག་ཏུ་བོད་མི་མང་ཤོས་གནས་སྡོད་བྱེད་ཡུལ་རྒྱ་གར་ཡིན་ཞིང་། མི་ལོ་དྲུག་ཅུ་ལྷག་གི་རིང་བོད་པ་ཁེ་གཙང་གི་གཞིས་ཆགས་དང་། དགོན་སྡེ། སློབ་གྲྭ་སོགས་ལྟོས་ས་ལྟོས་འཇོག་གིས་བོད་པ་རང་གི་ཁོར་ཡུག་རྒྱ་མི་ཆུང་བ་ཞིག་བསྐྲུན་ཡོད། སྔོན་དང་བསྡུར་ན་དེང་སྐབས་མི་འབོར་ཉུང་དུ་འགྲོ་བཞིན་ཡོད་ཀྱང་། བཙན་བྱོལ་བོད་མིའི་ངོ་བོ་གཞན་དུ་མི་འགྱུར་བར་མུ་མཐུད་གནས་ཐུབ་དང་མི་ཐུབ་ཀྱི་འགག་རྩ་གཙོ་བོ་རྒྱ་གར་དུ་ཡོད་པའི་བཙན་བྱོལ་བོད་གཞུང་གི་ཁྱབ་ཁོངས་སུ་ཡོད་པའི་གཞིས་ཆགས་ཁག་དང་། སློབ་གྲྭ་ཁག དགོན་སྡེ་གྲྭ་ཚང་ཁག་བཅས་ལ་རག་ལས་ཡོད། མུ་མཐུད་བོད་མི་རྣམས་བཙན་བྱོལ་དུ་གནས་དགོས་བྱུང་ཚེ་ད་ལྟའི་གནས་སྟངས་ལ་གཞིགས་ན་རྒྱ་བལ་གཉིས་སུ་ཡོད་པའི་བོད་མི་ཁོ་ན་ལས་གཞན་རེ་བ་ཆེན་པོ་རྒྱག་ཡུལ་ཞིག་མེད་པ་ལྟ་བུར་གྱུར་ཟིན།
བྱང་ཨ་མེ་རི་ཀ་དང་། ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཏུ་བོད་མི་སྐྱབས་བཅོལ་བ་མང་པོ་ཡོད་པ་དག་གིས་བོད་ཀྱི་སྐད་ཡིག་རིག་གནས་ལ་རྩ་བས་དོ་སྣང་བྱས་ནས་གཟའ་མཇུག་སློབ་གྲྭ་གང་མང་འཛུགས་ཐབས་བྱེད་བཞིན་ཡོད་ཀྱང་། དེའི་མཇུག་འབྲས་ནི་བོད་སྐད་རྒྱག་ཐུབ་པ་དང་། བོད་ཡིག་ཀློག་ཐུབ་ཙམ་ལས་གཞན་རེ་བ་ཆེན་པོ་རྒྱག་ཡུལ་ཞིག་མེད་པ་དེ་ཧ་ཅང་གསལ་པོ་རེད། དེང་སྐབས་ལྷག་དཀར་སྒོར་གཞས་དར་ཁྱབ་ཆེན་པོ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་བོད་ཀྱི་རིག་གནས་ལ་དགའ་སྣང་སླེབས་མཁན་གང་འཚམ་ཞིག་ཡོད་པ་དེ་དགའ་འོས་པའི་གཏམ་བཟང་ཞིག་ཏུ་གྱུར་ཡོད་ཀྱང་། གཞས་ཞབས་བྲོ་ཙམ་ལ་བརྟེན་ནས་བོད་ཀྱི་ངོ་བོ་རྒྱུན་འཛིན་མི་ཐུབ་པ་དེ་ཡང་དོན་དངོས་ཡིན། མ་འོངས་པར་བོད་ཀྱི་རིག་གནས་རྒྱུན་འཛིན་ཐུབ་མིན་གཙོ་བོ་ནི་བོད་ཀྱི་སྐད་ཡིག་དང་ཆོས་དང་རིག་གནས་རྒྱུན་འཛིན་ཐུབ་མིན་ཁོ་ན་ལ་རག་ལས་ཡོད། བོད་སྐད་བཤད་ཤེས་པ་ཙམ་མ་ཡིན་པར་བོད་ཡིག་ཏུ་ཡོད་པའི་རིག་གནས་དར་སྤེལ་རྒྱུན་འཛིན་ཐུབ་མིན་དེ་གནད་འགག་གཙོ་བོར་གྱུར་ཡོད།
རྩ་བས་བོད་ཀྱི་ངོ་བོ་གནས་དང་མི་གནས། བོད་ཀྱི་ཆོས་དང་རིག་གནས་རྒྱུན་འཛིན་ཐུབ་དང་མི་ཐུབ་གཙོ་བོ་གཞིས་བཞུགས་བོད་མི་རྣམས་ལ་རག་ལས་པ་ལས། བཙན་བྱོལ་དུ་གནས་སྡོད་བོད་མི་རྣམས་ལ་ནུས་པ་ཆེན་པོ་གང་ཡང་མེད། ༧གོང་ས་མཆོག་གིས་རྒྱ་གཞུང་དང་མཉམ་དུ་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་དགོས་པའི་དགོངས་གཞི་ཡང་། བོད་གནས་པར་བོད་ཀྱི་ཆོས་དང་རིག་གནས་སྐད་ཡིག་བཅས་གནས་དགོས་པ་གཙོ་བོ་ཡིན་པས། དེ་རྒྱུན་འཛིན་ཡོང་བའི་ཐབས་ལམ་མྱུར་ཤོས་དང་ཡག་ཤོས་སུ་གཟིགས་ནས་གཏན་འབེབས་གནང་བ་ཞིག་དང་། བོད་ཙམ་མ་ཡིན་པར་འཇིག་རྟེན་གྱི་ཁྱོན་ཡོངས་སུ་འཁོན་འཛིན་བརྩེ་སེམས་སུ་བསྒྱུར་ནས་འཚེ་མེད་ཞི་བདེའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ནི་དོན་དམ་པའི་ཐུགས་རེ་གཙོ་བོར་གྱུར་ཡོད། རླབས་ཆེན་གྱི་བཞེད་དགོངས་དེ་ལྟ་བུ་བོད་པ་མི་རེ་ངོ་རེ་ནས་ལག་བསྟར་ཐུབ་དང་མི་ཐུབ་སྣ་ཚོགས་ཡོད་ངེས་ཀྱང་། བོད་ཀྱི་ཆོས་དང་སྐད་ཡིག་རིག་གནས་རྒྱུན་འཛིན་བྱ་རྒྱུ་དེ་བོད་མི་རྣམས་ཀྱི་ཕྲག་ཏུ་བབ་པའི་ལས་འགན་ཉག་ཅིག་ཏུ་གྱུར་ཡོད།
བོད་པའི་སྤྱི་ཚོགས་ནང་༧གོང་ས་མཆོག་གི་དགོངས་གཞི་དབུ་མའི་ལམ་ལ་ཡིད་ཆེས་དང་ངེས་ཤེས་གཏིང་ཚུགས་པ་ཞིག་སྐྱེས་ཟིན་ཚུལ་གདེང་ཚོད་ཆེན་པོའི་ཐོག་ནས་བརྗོད་མཁན་ཡང་ཇི་སྙེད་ཅིག་ཡོད་པ་དག་ནི་དགའ་འོས་པ་ཞིག་ཡིན་ལ། བོད་ཀྱི་དགྲ་བོའི་དྭངས་མ་རྒྱ་མི་དམར་པོ་ལ་འཁོན་འཛིན་སྤངས་ནས་མཉམ་གནས་མཉམ་སྡོད་ཐུབ་པའི་འཆར་གཞི་དང་གྲ་སྒྲིག་ཡོད་པ་མཐོང་དུས། བཀའ་གདམས་གོང་མ་རྣམ་པས་“ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། གྱོང་དང་བུབ་ཁ་རང་གིས་ལེན།”ཞེས་པའི་ཉམས་ལེན་དངོས་སུ་གནང་མཁན་བྱང་ཆུབ་ཀྱི་སེམས་རྒྱུད་ལ་ཡོད་པ་ལྟ་བུར་མཐོང་ཐུབ་པ་དང་། བོད་པ་ནང་ཁུལ་དུ་འཁོན་འཛིན་ཆེན་པོ་དང་ཁོང་ཁྲོ་ཚད་ལས་བརྒལ་ནས་དུག་སྦྲུལ་ལ་ཚེར་ལྕག་གིས་བྲབས་པ་ལྟ་བུ་འཕག་ཚག་བརྒྱབ། ཁ་ངན་ཚིག་རྩུབ་ཚད་ལས་བརྒལ་བའི་རྣམ་འགྱུར་མཐོང་ཡོང་དུས་གོང་དུ་བརྗོད་པའི་ཉམས་ལེན་དག་སེམས་རྒྱུད་ལ་ཡོད་པ་ལྟ་ཅི། དབུ་མའི་ལམ་གྱི་སྲིད་བྱུས་ལ་ངེས་ཤེས་སྐྱེ་ཚུལ་དེར་ཡང་རང་བཞིན་གྱིས་ཐེ་ཚོམ་མི་ཟ་ཀ་མེད་དུ་འགྱུར་བ་ཡོང་བ་ཞིག་རེད།
མདོར་ན་བོད་ཀྱི་ལོ་རྒྱུས་ནང་བཙན་པོ་གོང་མ་ཚོའི་སྐབས་དགྲ་འདུལ་གཉེན་སྐྱོང་གི་བྱ་བ་རླབས་པོ་ཆེ་བསྒྲུབས་ཡོད་ཀྱང་། བོད་སིལ་བུར་འཐོར་རྗེས་རིམ་པས་ནང་ཁུལ་དུ་གཙོ་བོ་ཆོས་བརྒྱུད་ཕན་ཚུན་དང་། སྡེ་ཤོག་ཕན་ཚུན་འཁྲུག་པ་རྒྱག་རྒྱུ་ལས། བོད་སྤྱིའི་ཆེད་དུ་སྣེ་ཁྲིད་དང་འབད་བརྩོན་བྱེད་ཐུབ་མཁན་མང་པོ་བྱུང་མེད། བོད་པའི་ཁ་རྒྱུན་དུ་“ཕྱི་འཇམ་ནང་རྩུབ་གྲོད་པུ་མགོ་”ཞེས་སྤང་བྱ་ཁོ་ནར་བརྩིས་པའི་དཔེ་དེ་དོན་དངོས་ལག་བསྟར་བྱས་པས། རྒྱ་དམར་གཞུང་གིས་བོད་ས་ཁྱོན་ཡོངས་ལ་ལས་སླ་པོའི་ཐོག་ནས་དཔུང་འཇུག་ཐུབ་པ་བྱུང་ཡོད། བཙན་བྱོལ་ནང་དུའང་བོད་མི་མང་པོ་ཞིག་གིས་དགྲ་ལ་དབུ་མའི་ལམ་ནས་འགྲོ་ཐུབ་ཀྱང་། གཉེན་ལ་ཚེར་མའི་ལམ་ཁོ་ན་ལས་མེད་པའི་གནས་སྟངས་ཐབས་སྡུག་འདི་འདྲ་མཐོང་ཡོང་དུས། བོད་པའི་སྲོལ་རྒྱུན་དུ་ཤོད་སྲོལ་ཡོད་པའི་ཕྱི་འཇམ་ནང་རྩུབ་ཀྱི་གྲོད་པུ་ཞེས་པ་དེ་རང་བཞིན་གྱིས་དྲན་ཡུལ་དུ་འཁོར་ཡོང་བ་ཞིག་ལས། དགྲ་ལ་དབུ་མའི་ལམ་གྱི་ལྟ་ཚུལ་ཡོད་ཚུལ་ནི་རང་དབང་ལུང་པའི་རྒྱགས་གཏམ་ཙམ་དུ་གྱུར་མེད་དམ་སྙམ།།