ཨ་རིའི་ཕྱུག་བདག་ཨེ་ལོན་མ་སི་ཁིས་ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་པར་བརྗོད་པ་ལ་ཐེ་ཝན་གྱིས་རྒོལ་ལན་བསླགས།
ཟླ་འདིའི་ཚེས་༡༥ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འཛམ་གླིང་ཐོག་ཕྱུག་བདག་ཨང་དང་པོ་དང་ཨེག་སི་ཞེས་པའི་དྲྭ་རྒྱའི་བདག་པོས་ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཡིན་རབས་བརྗོད་པར་བརྟེན། ཐེ་ཝན་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་མིན་པ་མ་ཟད། ཐེ་ཝན་ནི་བཙོང་བྱ་གཅིག་མ་རེད་ཅེས་ལན་འདེབས་གནང་ཡོད་པའི་གནས་ཚུལ་ཐོན་འདུ

བདུན་ཕྲག་འདིའི་ནང་ཚོང་དང་འབྲེལ་བའི་ལྷན་ཚོགས་ཤིག་གི་ཐོག འཛམ་གླིང་ཐོག་གི་ཕྱུག་བདག་དང་ཨེག་སི་དྲྭ་རྒྱའི་བདག་པོ་ཨེ་ལོན་མ་སི་ཁིས་ཐེ་ཝན་དེ་ཨ་རིའི་(Hawaii) ཞེས་པའི་མངའ་སྡེ་དང་བསྡུར་ནས་ཐེ་ཝན་དེ་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཤིག་རེད་ཅེས་བརྗོད་ཡོད་འདུག
སྐབས་དེར་ཐེ་ཝན་ཕྱི་སྲིད་ལས་ཁུངས་ཀྱིས་ཨེག་སི་དྲྭ་རྒྱའི་ཐོག ཁོས་རྒྱ་ནག་ནང་ཨེག་སི་དྲྭ་རྒྱ་དེ་རྒྱ་མི་ཚོར་སྒོ་ཕྱེ་རྒྱུ་དེ་རྒྱ་གཞུང་ལ་རེ་སྐུལ་ཞུ་ཐུབ་ཡོད་པའི་རེ་བ་ཡོད། རྒྱ་གཞུང་གིས་རྒྱ་ནག་ཏུ་ཨེག་སི་དྲྭ་རྒྱ་བཀག་སྡོམ་བྱས་ཡོད་པ་དེ་ཁོས་གཅིག་བྱས་ན་འགྲིགས་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྲིད། དཔེར་ན། ཡུག་རེན་གྱིས་ཨུ་རུ་སུའི་དམག་ལ་ཕར་རྒོལ་བྱེད་པའི་སྐབས་ཁོས་དྲྭ་རྒྱ་བཀག་ནས་བར་ཆད་བཏང་བ་ལྟ་བུ་རེད། ཁྱོད་ཀྱིས་ཉོན་ཞིག། ཐེ་ཝན་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་མ་རེད་ལ། ཐེ་ཝན་ནི་བཙོང་བྱ་ཞིག་ཀྱང་མ་རེད་ཅེས་བྲིས་ནས་སྤེལ་ཡོད་འདུག
ཨེ་ལོན་མ་སི་ཁིས་ཐེ་ཝན་ལ་ཁོང་ཁྲོ་སློང་བ་ཐེངས་དང་པོ་མིན་ཞིང་། ཕྱི་ལོ་༢༠༢༢ ཟླ་༡༠ པའི་ནང་ཁོས་རྒྱ་ནག་ལ་ཐེ་ཝན་ཐོག་ཚོད་འཛིན་ཅུང་ཙམ་བྱེད་དུ་བཅུག་ན་རྒྱ་ནག་དང་ཐེ་ཝན་གཉིས་ཀྱི་དཀའ་རྙོག་སེལ་ཐུབ་ཀྱི་རེད་ཅེས་བརྗོད་པས་ཐེ་ཝན་གྱིས་ཁོང་ཁྲོ་དྲག་པོས་ཡ་ལན་བསླགས་ཡོད་འདུག ཨེ་ལོན་མ་སི་ཁིའི་(Tesla) ཞེས་པའི་གློག་གི་མོ་ཊའི་བཟོ་གྲྭ་ཆེན་པོ་ཞིག་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ལ་ཡོད་ཅིང་། བཟོ་གྲྭ་དེའི་ཁྲོམ་ར་ཆེ་ཤོས་དེ་ཨ་རི་དང་རྒྱ་ནག་ཆགས་ཀྱི་ཡོད་འདུག ལོ་འདིའི་ཕྱི་ཟླ་༥ པའི་ནང་ཁོ་རང་རྒྱ་ནག་ཏུ་ཕྱིན་ནས་འགོ་ཁྲིད་འགའ་ཤས་ལ་ཐུག་འཕྲད་བྱས་ཡོད་འདུག སྐབས་དེར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་(Tesla) བཟོ་གྲྭས་རྒྱ་ནག་ཏུ་ཚོང་ལས་རྒྱ་སྐྱེད་གཏོང་འདོད་ཡོད་རེད་ཅེས་བརྗོད་འདུག
རྒྱ་ནག་དང་ཐེ་ཝན་གཉིས་ཀྱི་དཀའ་རྙོག་མུ་མཐུད་ལྷག་བཞིན་པ་དང་བདུན་ཕྲག་འདིའི་ནང་རྒྱ་ནག་གི་དམག་གི་གནམ་གྲུ་༤༠ ལྷག་དང་མཚོ་གྲུ་༡༠ཙམ་ཐེ་ཝན་མཚོ་འགག་ནས་འཛུལ་ཡོད་འདུག
དེ་སྔ་ཐེ་ཝན་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གི་དམག་སྦྱོང་བྱེད་བཞིན་པ་དེ་ཡིས་ལོ་རྗེས་མའི་ཕྱི་ཟླ་དང་པོའི་ནང་ཐེ་ཝན་གྱི་འོས་བསྡུ་ལ་གནོན་ཤུགས་སྤྲད་ཆེད་ཡིན་ན་ཡང་། ཐེ་ཝན་གྱི་འོས་བསྡུ་ནི་ཐེ་ཝན་མི་མང་གི་ཐག་གཅོད་བྱེད་རྒྱུ་ཞིག་ལས་བརྙས་བཅོས་བྱེད་མཁན་གྱི་ཁྱིམ་མཚེས་ལག་ཏུ་མེད་ཅེས་བརྗོད་ཡོད་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།