སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་།

ཕྱི་ཟླ་༩ པའི་ཚེས་༡༩ ནས་༢༨ བར་ཉིན་དགུའི་རིང་འཚོགས་རྒྱུའི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་སོང་།
ཉིན་དང་པོར་ཐོག་མར་བོད་མི་མང་སྤྱི་འཐུས་ཚོགས་གཙོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་ས་བགོས་ཕྱོགས་སྐྱོད་སོགས་ཕྱག་ལས་གང་གནང་གི་སྙན་གསན་ཞུས་པ་དང་།
དེ་བཞིན་ང་ཚོས་ལས་དོན་གང་དང་གང་བརྩམས་ཀྱང་སྡེ་ཚན་ཁག་གསུམ་དུ་བགོས་ཏེ་གནད་དོན་རྒྱུ་མཚན་ཁག་གསུམ་གྱི་ཐོག་བསམ་མནོ་བཏང་ན་མ་འགྲིགས་པ་མེད་པ་དང་། དེ་ནི་བོད་ནང་གི་བོད་མིའི་གནས་སྟངས། ཆབ་སྲིད་ཀྱི་གནས་སྟངས། སྒྲིག་འཛུགས་ཀྱི་གནས་སྟངས་བཅས་ཡིན་ཞེས་དང་། དེ་དག་རྒྱལ་སྤྱིའི་ཡིག་ཆའི་ནང་ལོགས་སུ་བོད་དོན་ཐོག་སྡེ་ཚན་མ་འདྲ་བ་དང་སྒྲིག་འཛུགས་མ་འདྲ་བ་གཞུང་དང་གཞུང་འབྲེལ་མ་ཡིན་པ་ག་རེ་ཡིན་ཡང་སྙོབ་ཐུབ་པ་བྱེད་རྒྱུ་གལ་ཆེ་ཚུལ་དང་།
བོད་ནང་གི་བོད་མིའི་གནས་སྟངས་ལྟ་བུ་ཡིན་ན། ང་ཚོས་ནམ་རྒྱུན་དམྱལ་བ་མི་ཡུལ་ལ་འཕོས་པ་ཟེར་བ་ལྟ་བུ་ཉིན་འཁྱོལ་ཡང་མཚན་མི་འཁྱོལ་བ་དེ་འདྲའི་ཡ་ང་བའི་གནས་སྟངས་ཆགས་ཡོད་པ་དང་། དེ་ཞིབ་ཆ་ཞུས་ན་ཆོས་དད་རང་དབང་གི་གནས་སྟངས། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། འགྲོ་འདུག་སྤྱོད་གསུམ་གྱི་གནས་སྟངས། སོ་སོའི་སྐད་ཡིག་དང་ཟ་འཐུང་དང་སྡོད་ས་ཚུན་ཆད་བཀའ་འཁྲོལ་ཞུ་དགོས་པ་ཆགས་པའི་སྐོར་སོགས་གསུངས་པ་དང་། དེ་བཞིན་ཤེས་ཡོན་པ་དང་རྩོམ་པ་པོ་གཙོས་པའི་གནད་ཡོད་མི་སྣ་མང་པོ་ཞིག་རྒྱ་མིའི་གཞུང་གི་ངོས་ནས་མ་ཉེས་ཁ་གཡོགས་དང་། མནར་གཅོད། བཙོན་འཇུག་བྱེད་རྒྱུ་དེ་འདྲའི་དཀའ་ངལ་མང་པོ་ཡོང་གི་ཡོད་པ་དེ་ཚོ་དུས་རྒྱུན་དུ་ང་ཚོའི་སེམས་ནང་འཁོར་དགོས་པ་ཞིག་དང་། བོད་ནང་གི་བོད་མིའི་གནས་སྟངས་དེ་ད་ལྟ་ཡིན་ཡང་ཛ་དྲག་ཆགས་ཡོད་པ་གསལ་པོ་ཡིན་པ། དེ་དག་ཡོང་བའི་རྒྱུ་མཚན་རྒྱ་ནག་གཞུང་གི་སྲིད་ཇུས་འཛིན་སྟངས་དང་ས་གནས་ཁག་གི་དཔོན་རིགས་ཀྱི་བསམ་མནོ་གཏོང་ཕྱོགས་དང་སྟངས་འཛིན་བྱེད་ཕྱོགས་ལ་རག་ལས་པ། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དང་བོད་ཀྱི་དཀའ་རྙོག་དེ་ཟུར་གཅིག་ལ་བཞག་ནས་རྒྱལ་སྤྱིའི་ནང་ལོགས་སུ་འདྲ་མཉམ་དང་གཟེངས་སུ་ཐོན་པའི་བསམ་མནོ་བཏང་ན་ནོར་བའི་ངོས་འཛིན་ཞུ་ཐུབ་པ་དང་། གཞན་ཡང་བརྒྱད་ཅུ་གྱ་གྲངས་ནས་ད་བར་རང་ལུས་མེར་བསྲེག་གནང་མཁན་༡༥༧ཆགས་ཡོད་པ་དང་། ཁོང་རྣམ་པའི་མངོན་འདོད་དེ་བོད་ལ་རང་དབང་དགོས་པ་དང་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དེ་ཡིན་ཡང་། རྒྱ་ནག་གཞུང་གིས་དེ་ལས་ལྡོག་སྟེ་བོད་ནང་གི་དངོས་ཡོད་གནས་ཚུལ་འགེབས་སྲུང་བྱེད་རྒྱུ་དྲིལ་བསྒྲགས་ལོག་པ་སྤེལ་ཡ་དེ་འདྲ་ཡོང་གི་ཡོད་པ་དང་། དེ་དག་རྒྱལ་སྤྱིས་ཧ་གོ་ཡོད་པ་དང་མུ་མཐུད་ཁུངས་འཁྱོལ་ཐབས་མེད་པ་སོགས་ཀྱི་སྐོར་གསུངས་པ་དང་།
དེ་བཞིན་གྲོས་ཚོགས་སྐབས་སུ་སྤྱི་འཐུས་རྣམས་ཀྱིས་ཚིག་རྩུབ་དང་། ཟུར་ཟ། ང་རྒྱལ་སོགས་ཀྱི་རྣམ་པ་མི་འབྱུང་བར་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། རྒྱུ་མཚན་ཡོད་ཚེ་ཅི་ཡང་བཤད་ཆོག་པའི་གོ་སྐབས་ཡོད་ཀྱང་། རྒྱུ་མཚན་མེད་ཚེ་གྲོས་ཚོགས་ནང་དུ་ཕན་ཚུན་བར་ཟུར་ཟ་བྱས་ན་གྲོས་ཚོགས་ཀྱི་ཆེ་མཐོང་དང་། ང་ཚོའི་རིག་གཞུང་ཉམས་ཆག་འགྲོ་བཞིན་འདུག གྲོས་ཚོགས་ནི་བཙན་བྱོལ་བོད་མིའི་མིག་དཔེ་ལྟ་བུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། གྲོས་ཚོགས་ལ་དོ་སྣང་བྱེད་མཁན་བོད་མི་གཅིག་པུར་མིན་པར་ང་ཚོ་དང་འབྲེལ་བ་ཡོད་མིན་གཉིས་ཀྱིས་དོ་སྣང་བྱས་བསྡད་ཡོད་པ་སོགས་ཀྱི་སྐོར་གསུངས་སོང་།
གཞན་ཡང་བོད་ནང་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དང་འབྲེལ་སྤྱི་འཐུས་རྣམ་པས་བོད་ནང་དུ་རྒྱ་ནག་གཞུང་གིས་རིགས་རྫས་བསྡུ་རུབ་དང་། རིག་གཞུང་བདག་དབང་གི་སྐོར། ད་ལྟའི་བོད་ཀྱི་གནས་སྟངས། བོད་དོན་འཐབ་རྩོད་བྱེད་ཕྱོགས། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་འགྱུར་བ་གཏོང་དགོས་པ་སོགས་ཀྱི་སྐོར་གླེང་སོང་ལ། ཡང་རང་བཙན་དང་དབུ་མའི་ལམ་གྱི་ཚོགས་འདུའི་མཛད་སྒོར་སྐུ་ཚབ་དང་སྐུ་མགྲོན་བཏང་བ་དང་ཕེབས་པའི་སྐོར་སོགས་འགྲིགས་མིན་གྱི་བགྲོ་གླེང་འཁྲུག་པོ་བྱུང་སོང་། དེ་བཞིན་གངས་སྐྱིད་པོ་ལོ་རྩེད་ཐང་དུ་གཞི་རིམ་བོད་མིའི་ཞུ་འབོད་ལས་འགུལ་བ་ཞེས་པ་མི་མང་པོ་ཞིག་འཛོམས་འདུག་ལ། སྐབས་དེར་གསར་འགོད་པས་མི་མང་རྣམས་ལ་བཅར་འདྲི་བྱེད་དུ་འགྲོ་སྐབས། མི་ཞིག་གིས་བཅར་འདྲིའ་ལན་རྒྱག་གྲབས་ཡོད་དུས་མི་མང་རྣམས་ལ་ཚོར་བ་རྣོན་པོ་ཡོད་པས་བཅར་འདྲི་བྱས་ན་འགྲིག་གི་མ་རེད། ང་ཚོས་བཅར་འདྲི་ལན་རྒྱག་མཁན་གྲ་སྒྲིག་ཡོད་ཟེར་ནས་ཚོགས་གཙོ་བཀག་སོང་ལ། མཐའ་མར་ལས་འགུལ་དེའི་ཚོགས་གཙོ་ལས་མི་མང་གཞན་ལ་བཅར་འདྲིའི་གོ་སྐབས་སྤྲད་མ་སོང་།
གསར་འགོད་པ་བསྟན་འཛིན་ལམ་བཟང་།