གཞི་རིམ་མི་མང་དང་མཐོ་རིམ་སྐུ་དྲག

མང་གཙོའི་སྤྱི་ཚོགས་སུ་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་དེ་གལ་ཆེ་ཤོས་ཡིན། ཡུལ་ལུང་དེའི་ནང་མང་གཙོ་དང་རང་དབང་ཆ་ཚང་ཡོད་པའི་མཚོན་དོན་ཞིག་ཏུ་བརྩི་ཆོག་པས། བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ནའང་༧གོང་ས་མཆོག་གིས་མང་གཙོའི་རང་དབང་མི་མང་ལ་བསྩལ་བ་ནས་མི་ལོ་དྲུག་ཅུ་ལྷག་གི་རིང་གོམ་པ་མདུན་བསྐྱོད་ཀྱི་ཐོག་ནས་སོང་ཡོད། མ་འོངས་པར་ཡང་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཚགས་ཚུད་ཅིག་ཡོང་དང་མི་ཡོང་མང་གཙོ་ཚད་དང་ལྡན་པ་ཞིག་གནས་དང་མི་གནས་ལ་རག་ལས་ཡོད། གཙོ་བོ་འགོ་ཁྲིད་དང་མི་མང་གཉིས་ཀྱི་ངོས་ནས་གཅེས་སྤྲས་དང་རྒྱུན་འཁྱོང་བྱེད་དགོས་པ་དེ་མང་གཙོ་ཡིན་པའི་ངོས་འཛིན་གསལ་པོ་དགོས། ཇི་སྲིད་ངོས་འཛིན་དེ་མ་དོར་བར་དེ་སྲིད་དུ་སྒྲིག་འཛུགས་ཀྱང་གནས་ཐུབ་པ་དང་། ངོས་འཛིན་དེ་དོར་བའི་ཉིན་མོ་ནས་བོད་མིའི་སྒྲིག་འཛུགས་ཀྱང་གནས་མི་སྲིད། ༧གོང་ས་མཆོག་ཞལ་མ་བཞུགས་པའི་ཉིན་མོ་ནས་བོད་མིའི་སྒྲིག་འཛུགས་གནས་ཐུབ་དང་མི་ཐུབ་ནི་མང་གཙོ་ཁོ་ནར་ཐུག་ཡོད།

ད་ཆ་བཞུགས་སྒར་དྷ་སར་གཞི་རིམ་མི་མང་ཞེས་པའི་མིང་ཐོག་ནས་གྲོས་ཚོགས་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་བཞིན་འདུག གོ་མཚོན་མེད་པར་ཞི་བའི་འདུ་འཛོམས་ཀྱི་རང་དབང་ནི་མང་གཙོའི་རྒྱལ་ཁབ་སྤྱི་ཡོངས་དང་། སྒོས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་གསལ་བའི་གཞི་རིམ་གྱི་ཐོབ་ཐང་ཞིག་རེད། མ་འོངས་པར་ཡང་གནད་དོན་འདི་དང་འདི་ལྟ་བུའི་ཐོག་མི་མང་གི་ལས་འགུལ་གནས་དགོས་པ་དེ་གལ་ཆེན་པོ་རེད་ལ། ངོ་རྒོལ་བྱེད་ཡུལ་གྱི་ངོས་ནས་ཀྱང་གནད་དོན་འདི་དག་གལ་ཆེན་མཐོང་ཆེན་དུ་བརྩི་མ་ཐུབ་ན་མང་གཙོའི་གོམས་གཤིས་ཡང་དག་ཅིག་མེད་པའི་རྟགས་རེད། མང་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་མི་མཐུན་པ་གཏན་ནས་མེད་ཅིང་། མི་ཚང་མས་དབང་འཛིན་པ་དག་ལ་ལགས་སོ་འབའ་ཞིག་བརྗོད་བཞིན་ཡོད་ན་མང་གཙོ་ཚད་ལྡན་ཞིག་ཡོད་མེད་དེ་ཡང་ཐེ་ཚོམ་དུ་གྱུར་ཡོད་པས། མང་གཙོའི་སྤྱི་ཚོགས་སུ་བསམ་ཚུལ་མི་མཐུན་པ་ཡོད་ཆོག་པ་དང་ཡོད་དགོས་པ་ཞིག་རེད།

ངོ་རྒོལ་ལས་འགུལ་སྤེལ་མཁན་དག་གིས་ཀྱང་གནད་དོན་གང་ཡིན་ཡང་དེའི་ངོ་གདོང་དང་། རྒྱབ་ལྗོངས་ཆ་ཚང་ཤེས་ནས་ལས་འགུལ་སྤེལ་དགོས་པ་ལས། ཁ་བདེ་མགོ་བདེ་དང་ནང་ཁུལ་དུ་སྲིད་དོན་འཁྲབ་སྟོན་པ་རེ་ཟུང་གི་ཁ་ལ་ཉན་པ་ཙམ་གྱིས་མང་གཙོ་ཡར་རྒྱས་དང་སྤྱི་ཚོགས་ལ་མི་ཕན་པས་ཚང་མས་ཐུགས་སྣང་དགོས།  མི་མང་གི་ངོས་ནས་བསམ་ཤེས་ངེས་པར་དུ་དགོས་པ་ཞིག་ནི། འོས་བསྡུའི་སྐབས་འགོ་ཁྲིད་སུ་དང་སུ་ལ་རྒྱབ་སྐྱོར་དགོས་མིན་དང་བསམ་ཚུལ་མི་མཐུན་པ་ཡོང་ངེས་པ་མ་ཟད། སྐབས་དེར་ཁ་རྩོད་འཆོར་སྲིད་ཀྱང་། འོས་བསྡུ་གྲུབ་རྗེས་འཁོན་འཛིན་གྱི་རྣམ་པ་མུ་མཐུད་གནས་ན་མང་གཙོའི་ལེགས་བྱང་རྒྱུད་ལ་མེད་པའི་རྟགས་རེད། མང་གཙོའི་ལག་ལེན་ཁྲོད་གནད་དོན་གཙོ་བོར་འཛིན་དགོས་པ་ལས། གང་ཟག་གཙོ་བོར་འཛིན་མི་འོས་པ་མ་ཟད། གནད་དོན་ཐོག་བསམ་ཚུལ་མ་མཐུན་པར་བཟའ་ཚང་ཡིན་ཡང་སྲིད་དོན་ཚོགས་པ་མི་འདྲ་བའི་ནང་དུ་ཞུགས་ནས་རྩོད་པ་བརྒྱབ་ཀྱང་། དེས་བཟའ་ཚང་གི་བརྩེ་སེམས་ལ་ཤུགས་རྐྱེན་གང་ཡང་མེད་པ་ལྟ་བུ་རེད།

གཞི་རིམ་མི་མང་ཞེས་པའི་མིང་དེ་མང་གཙོའི་སྤྱི་ཚོགས་ནང་གལ་ཆེན་པོ་ཡིན་ལ། མི་མང་གི་མངོན་འདོད་དང་རེ་བ་གང་ཡོད་པ་དེ་ངོ་རྒོལ་གྱི་ལམ་ནས་འདོན་ཆོག་པ་དེ་ཡང་མང་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་གཞུང་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་ཡིན་པས་སྤོབས་པ་སྐྱེ་དགོས་པ་ཞིག་རེད། ཁ་སང་ལས་འགུལ་དེའི་མཛད་སྒོ་བོད་མིའི་སྒྲིག་འཛུགས་ཀྱི་ཟློས་གར་ཚོགས་ཁང་དུ་འཚོགས་པ་དང་། མཛད་སྒོའི་སྟེང་ཡབ་གཞིས་སྐུ་འཁོར་བཀའ་ཟུར་རིན་ཆེན་མཁའ་འགྲོ་ཡང་ཕེབས་འདུག་པ་མ་ཟད། དྷ་ས་ས་གནས་ནས་མི་མང་བསྡུ་སྐོང་གི་གསལ་བརྡ་ངག་ཐོག་ནས་གནང་བ་ཞིག་ཏུ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་ཕེབས་མ་ཐུབ་ཀྱང་རྒྱབ་སྐྱོར་དང་ཐུགས་སྨོན་ཡོད་ཚུལ་བརྗོད་འདུག་པས། ད་ལན་གྱི་ལས་འགུལ་དེ་གཞི་རིམ་མི་མང་གཅིག་པུ་མ་ཡིན་པར་མཐོ་རིམ་སྐུ་དྲག་དང་ཡང་ས་འོག་དར་ཐག་གི་འབྲེལ་བ་གཏན་ནས་མེད་པ་ཞིག་ཕལ་ཆེར་མིན་ཚོད་འདུག གལ་སྲིད་དེ་ལྟར་ཡིན་ན་གནད་དོན་འདི་མུ་མཐུད་ལྷག་རྒྱུ་ཉག་གཅིག་ལས་འཁྲུན་ཐག་ཆོད་པ་ཞིག་ཡོང་ཁག་པོ་རེད་སྙམ།

མདོར་ན་མང་གཙོའི་ལམ་ལུགས་ནང་མི་མང་གི་ཐོབ་ཐང་དང་ལས་འགན་གཉིས་ཀ་དངུལ་སྒོར་གཅིག་གི་ངོས་གཉིས་ལྟ་བུ་ཡིན་པས། ཁ་འབྲལ་ཐབས་མེད་པ་ཞིག་ཏུ་ངོས་འཛིན་མ་ཐུབ་པར་ཐོབ་ཐང་ལས་འགན་ཁུར་མེད་པ་ལྟ་བུ་བྱེད་མི་རུང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་གཞུང་སྒེར་གྱི་ས་མཚམས་ཡོད་དགོས་པའི་ལངས་ཕྱོགས་གསལ་སྟོན་བྱེད་བཞིན་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ཁ་དབང་དག་ཀྱང་བེད་སྤྱོད་གང་དུ་བྱེད་དགོས་མིན་ས་མཚམས་གསལ་པོ་དགོས་པ་དང་། ཡབ་གཞིས་སྐུ་འཁོར་དང་དགའ་ལྡན་ཕོ་བྲང་གི་འབྲེལ་ཡོད་རྣམ་པ་ནི་ཚང་མས་གུས་བརྩི་ཞུ་ཡུལ་ཡིན་དགོས་པས། ཕྱོགས་ཁག་རང་བཞིན་གྱི་ནང་དུ་ཞུགས་རྒྱུ་མང་དྲགས་ན་སྤྱི་ཚོགས་དང་སྒྲིག་འཛུགས་གང་ཐད་ནས་ཕན་ལས་གནོད་པ་ཆེ་ངེས་པས་ཐུགས་སྣང་གཏན་ནས་མི་དགོས་པ་ཞིག་མིན། གང་ལྟར་གཞི་རིམ་མི་མང་གི་ལས་འགུལ་དང་མཐོ་རིམ་སྐུ་དྲག་གི་དབར་འབྲེལ་བ་བཟོ་རྒྱུ་དེ་གལ་ཆེན་པོ་མ་ཡིན་པར། ཁ་དང་ཁ་སྤུ་དབྱེ་འབྱེད་ཅེས་པ་འདི་ལྟ་བུའི་རིགས་ལ་བྱེད་དགོས་སྙམ།།