ཁེ་ན་ཌ་དང་རྒྱ་གར་བར་གྱི་རྩོད་རྙོག་ལ་བརྟེན་ནས་ཐོངས་མཆན་བཀག་སྡོམ།

པར་རིས་ཡོངས་ཁུངས་སྦི་སྦི་སི།

རྒྱ་གར་གྱི་པན་འཇབ་མངའ་སྡེའི་ནང་ཡོད་པའི་སིག་ཆོས་ལུགས་རྗེས་འབྲངས་པ་འགའ་ཤས་ཀྱིས་རྒྱ་གར་ལས་ལོགས་སུ་རྒྱལ་ཁབ་གཅིག་རྩོད་ཀྱི་ཡོད་པར་བརྟེན། གྱེན་ལོག་ཤོག་ཁག་དེ་དང་འབྲེལ་བའི་སིག་གི་མི་ཞིག་ཁེ་ན་ཌའི་ནང་བསད་པའི་རྐྱེན་གྱིས་རྒྱ་གར་དང་ཁེ་ན་ཌའི་རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་ཡོད་འདུག

ཕྱི་ཚེས་༢༢ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁེ་ན་ཌའི་སྲིད་བློན་(Just Trudeau)ཡིས་གཟའ་ཟླ་བའི་ཉིན་ཁེ་ན་ཌའི་གྲོས་ཚོགས་ནང་བརྗོད་དོན་ལ་ཕྱི་ལོ་༢༠༢༠ ནང་སིག་ཆོས་ལུགས་རྗེས་འབྲངས་པ་དང་རྒྱ་གར་ལས་ལོགས་སུ་རྒྱལ་ཁབ་རྩོད་མཁན་གྱི་གཏེ་དཔོན་(Hardeep Singh Nijjar )ཟེར་བ་ཞིག་ཁེ་ན་ཌའི་ནང་བསད་ཡོད་པར་བརྟེན། མི་དེ་བསད་པའི་དོན་རྐྱེན་ཁྲོད་རྒྱ་གར་གཞུང་ཡོད་རེད་ཅེས་བརྗོད་པའི་རྐྱེན་གྱིས་རྩོད་རྙོག་དེ་འགོ་བཙུགས་ཡོད་འདུག སིག་གི་མི་དེ་དང་ཁེ་ན་ཌའི་ནང་ཡོད་པའི་སིག་གི་མི་མང་པོས་རྒྱ་གར་ལས་ལོགས་སུ་(khalisten)ཟེར་བའི་རྒྱལ་ཁབ་གཅིག་ལོགས་སུ་རྩོད་ཀྱི་ཡོད་པར་བརྟེན། རྒྱ་གར་གཞུང་གིས་མི་དེ་དྲག་སྤྱོད་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག ཁེ་ན་ཌའི་སྲིད་བློན་གྱིས་བརྗོད་དོན་ལ་ཁོང་ནི་དྲག་སྤྱོད་པ་མིན་པར་ཞི་བའི་ཐོག་ནས་ལས་འགུལ་བ་ཞིག་རེད་འདུག་ཅེས་བརྗོད་ནས་ཁོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག ཁེ་ན་ཌའི་སྲིད་བློན་གྱིས་རྒྱ་གར་གཞུང་ལ་སྐྱོན་བརྗོད་བྱས་པའི་རྐྱེན་གྱིས་རྒྱལ་ཁབ་གཉིས་ཀྱི་ལོ་རྒྱུས་ཐོག་ནས་འབྲེལ་བ་དམ་ཟབ་ཡོད་པ་དེ་ལ་དོ་ཕོག་ཕྱིན་ཡོད་འདུག དེའི་རྗེས་རྒྱ་གར་གྱིས་ཁེ་ན་ཌའི་གཞུང་ཚབ་ཀྱི་དཔོན་རིགས་ཤིག་ཕྱིར་འཕུད་བཏང་ཡོད་འདུག་ལ། ཁེ་ན་ཌ་ཡིས་ཀྱང་རྒྱ་གར་གྱི་གཞུང་ཚབ་དཔོན་རིགས་ཤིག་ཕྱིར་འཕུད་བཏང་ཡོད་འདུག དེ་བཞིན་གཟའ་མིག་དམར་ཉིན་རྒྱ་གར་གྱིས་ཁེ་ན་ཌའི་མི་མང་ལ་ཐོངས་མཆན་སྤྲོད་རྒྱུ་མིན་པར་བཀག་སྡོམ་བྱས་ཡོད་འདུག་ལ། ཁེ་ན་ཌས་རྒྱ་གར་མི་མང་ལ་ཐོངས་མཆན་ཆ་ཚང་བཀག་མེད་ཀྱང་། ཐོངས་མཆན་སྤྲོད་རྒྱུ་ཉུང་དུ་བཏང་ཡོད་འདུག ཁེ་ན་ཌའི་སྲིད་བློན་གྱིས་གཟའ་ཟླ་བའི་ཉིན་བརྗོད་དོན་ལ། ཁེ་ན་ཌའི་མི་སེར་ཡིན་པའི་སིག་མི་དེ་བསད་པའི་དོན་རྐྱེན་ཁྲོད་རྒྱ་གར་གཞུང་ཡོད་པ་རྒྱུ་མཚན་ཡང་དག་འདུག དེ་འདྲ་སོང་ཙང་རྒྱལ་སྤྱིའི་ཁྲིམས་གཞིར་བཞག་པའི་ཐོག་ནས་ང་ཚོས་གནད་དོན་དེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བརྗོད་འདུག་ལ། ཁེ་ན་ཌའི་ཁྲིམས་ཀྱི་འགྲོ་ལུགས་བརྒྱུད་ནས་ཞིབ་དཔྱོད་བྱེད་ཀྱི་ཡིན། གནད་དོན་དེ་ལས་སླ་པོ་ཞིག་འཇོག་གི་མིན་ཞེས་བརྗོད་འདུག འོན་ཀྱང་། རྒྱ་གར་གྱི་སྲིད་བློན་གྱིས་ཁས་ལེན་བྱས་ཡོད་འདུག ཉེ་ཆར་སྟོབས་ཆེན་རྒྱལ་ཁབ་༢༠ ཚོགས་ཆེན་ཐོག་རྒྱ་གར་གཞུང་གིས་ཁེ་ན་ཌ་ལ་བརྗོད་དོན། ཁེ་ན་ཌའི་ནང་རྒྱ་གར་གྱི་གྱེན་ལོག་ཤོག་ཁག་མང་པོ་ཞིག་འདུག་པས། དེ་དག་གིས་རྒྱ་གར་གྱི་མངོན་འདོད་དོ་ཕོག་གཏོང་གི་འདུག་ལ། རྒྱ་གར་ལ་ཁ་གཏད་གཅོག་གི་འདུག་པས་ཁེ་ན་ཌས་ངེས་པར་དུ་དོ་སྣང་བྱེད་རྒྱུ་གལ་ཆེན་ཡིན་པར་བརྗོད་དུས། ཁེ་ན་ཌའི་སྲིད་བློན་གྱིས་ཁེ་ན་ཌས་ངེས་པར་དུ་མི་མང་གི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱེད་ཀྱི་རེད་ཅེས་ལན་འདེབས་གནང་ཡོད་འདུག རྒྱ་གར་གཞུང་གི་མགྲིན་ཚབ་པས་བརྗོད་དོན་ལ་ད་བར་རྒྱ་གར་གཞུང་ལ་ཁུངས་ལྡན་གྱི་གནས་ཚུལ་རག་མེད་པ་དང་། ད་དུང་ཞིབ་དཔྱོད་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག དེ་བཞིན་དབྱིན་ཡུལ་དང་ཨོ་སོ་ཁྲོ་ལི་ཡ། ཨ་རི་བཅས་ཀྱིས་ཁེ་ན་ཌས་རྒྱ་གར་ལ་སྐྱོན་བརྗོད་བྱས་པ་དེ་ལ་བློ་འཚབ་ཡོད་པར་བརྗོད་འདུག་ལ། གནད་དོན་དེ་ཞིབ་དཔྱོད་ཡག་པོ་བྱེད་རྒྱུ་ཡིན་པར་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།