དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་གསུང་ཆོས་དབུ་འཛུགས་གནང་སོང་།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་སྐབས་མགུལ་ཆམ་བཞེས་ཡོད་འདུག་པས། ད་ལན་གྱི་གསུང་ཆོས་ཉིན་དང་པོ་དང་གཉིས་པ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་གནང་རྒྱུ་ཡིན་པ་བཞིན། དེ་རིང་སྔ་དྲོར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུང་ཆོས་དབུ་འཛུགས་གནང་སོང
དེ་ཡང་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་སོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་དོན་བཞིན། ཕྱི་ཟླ་༡༠ ཚེས་༢ ནས་ཉིན་གྲངས་གསུམ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལམ་རིམ་བསྡུས་དོན་དང་། བློ་སྦྱོང་དོན་བདུན་མ། སྤྱན་རས་གཟིགས་ཀྱི་བཀའ་དབང་བཅས་ཀྱི་ཆོས་འབྲེལ་བཀའ་དྲིན་བསྩལ་རྒྱུ་ཡིན་རུང་། ད་ལན་མགོན་པོ་གང་ཉིད་མགུལ་ཆམ་བཞེས་ཡོད་པ་དང་སྐུའི་བླ་སྨན་རྣམས་ནས་སྐུ་ངལ་གསོ་གལ་ཆེ་བའི་དགོངས་འཆར་དང་གསོལ་འདེབས་ནན་མོ་ཞུས་ཤིང་། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཀྱང་སྐུའི་བླ་སྨན་པ་རྣམས་ཀྱི་རེ་དོན་ལྟར་སྐུ་ངལ་གསོ་གལ་ཆེ་བའི་གསོལ་འདེབས་ནན་གྱིས་ཞུས་པར་མགོན་པོ་གང་གིས་བཀའ་བཞེས་བཟང་པོ་སྤྱི་ཕེབས་བྱུང་འདུག་པ་དང་། ཐེངས་འདིའི་ཐའེ་ཝན་གསུང་ཆོས་ཀྱི་ཉིན་དང་པོ་དང་གཉིས་པ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་གནང་གཏན་ཁེལ་བ་དགའ་ལྡན་ཕོ་བྲང་གིས་ཕྱི་ཚེས་༡ ཉིན་གསལ་བསྒྲགས་གནང་ཡོད་པ་རེད།

དེ་རིང་སྟེ་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཐའེ་ཝན་གཙོས་པའི་རྒྱ་རིགས་ཆོས་ཞུ་བ་རྣམས་དང་དད་ལྡན་སེར་སྐྱ་ཡོངས་ལ་ཉིན་དང་པོར་རྗེ་ཙོང་ཁ་པ་ཆེན་པོའི་གསུང་བྱང་ཆུབ་ལམ་གྱི་རིམ་པའི་བསྡུས་དོན་གྱི་གསུང་ཆོས་གནང་བ་དང་། སྐབས་དེར་ཁོང་གིས་དགེ་བའི་བྱ་བ་གང་དང་གང་བྱས་པ་ཡིན་ཡང་ཐོག་མར་ཀུན་སློང་དགེ་བ་ཞིག་དང་དགེ་རྩ་རྫོགས་བྱང་དུ་བསྔོ་ཡ་དེ་གལ་ཆེ་བ་དང་། དགེ་བའི་བྱ་བར་འགྲོ་དང་མི་འགྲོ་དེ་ཀུན་སློང་ཡག་པོ་ཞིག་དགོས་པ་དེ་ཡིན་པ་སོགས་གསུངས་སོང་།

གསར་འགོད་པ་བསྟན་འཛིན་ལམ་བཟང་།