ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་གནས་དབྱུང་བཏང་འདུག

ཟླ་འདིའི་ཚེས་༤ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་བརྒྱད་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་གནས་དབྱུང་གཏོང་རྒྱུ་ལ་རྒྱབ་སྐྱོར་བྱས་པར་བརྟེན། གྲོས་ཚོགས་འཐུས་མི་མང་མོས་བྱུང་ནས་ཨ་རིའི་གྲོས་ཚོགས་ཀྱི་ཚོས་གཙོ་གནས་དབྱུང་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

(ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཁེ་ཝིན་མེ་ཁ་ཐེ། པར། ALJAZEERA)

ཟླ་འདིའི་ཚེས་༣ ཉིན་ཨ་རི་གྲོས་ཚོགས་སུ་ཚོགས་གཙོ་ཁེ་ཝིན་མེ་ཁ་ཐེ་( Kevin McCarthy) གནས་དབྱུང་གཏོང་དགོས་མིན་གྱི་འོས་བསྡུ་བྱས་ཡོད་པ་དང་། སྐབས་དེར་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་༢༡༠ ཡིས་གནས་དབྱུང་གཏོང་བར་དགག་བྱ་བྱས་ཡོད་ན་ཡང། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་༨ གཙོས་པའི་མང་གཙོ་ཚོགས་པའི་འཐུས་མི་༢༠༨ བཅས་ཁྱོན་བསྡོམས་གྲོས་ཚོགས་འཐུས་མི་༡༡༦ གིས་གནས་དབྱུང་གཏོང་བར་རྒྱབ་སྐྱོར་བྱས་ནས་མང་མོས་ཀྱིས། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལས་གནས་ནས་གནས་དབྱུང་བཏང་ཡོད་འདུག

སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་མང་པོས་ཁོང་ལ་རྒྱབ་སྐྱོར་བྱས་ཡོད་ཀྱང་། གྲོས་ཚོགས་འཐུས་མི་༨ ཀྱིས་ཁོང་ཉིད་གནས་དབྱུང་གཏོང་རྒྱུར་མོས་མཐུན་བྱས་ཡོད་པ་དང་། བརྒྱད་ལས་མང་པོ་ཞིག་གིས་ལོ་འདིའི་ཕྱི་ཟླ་༡ ནང་ཁོང་ཉིད་ཚོགས་གཙོ་ལ་བསྐོ་འདོད་མེད་མཁན་ཡིན་འདུག

ཐེངས་འདིར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་གནས་དབྱུང་བཏང་བ་ནི་འདས་པའི་ལོ་ངོ་༢༣༤ ཡི་ལོ་རྒྱུས་ནང་ཐོག་མ་དེ་ཆགས་ཡོད་འདུག་ལ། ཁོང་གིས་མ་འོངས་གྲོས་ཚོགས་ཀྱི་ཚོགས་གཙོའི་འོས་བསྡུའི་ནང་སླར་ཡང་མཉམ་ཞུགས་བྱ་རྒྱུ་མིན་ཞེས་བརྗོད་ཡོད་འདུག

བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པའི་ཉིན་ཨ་རིའི་གྲོས་ཚོགས་ཀྱིས་ཨ་རི་གཞུང་གི་འཕྲལ་སེལ་འགྲོ་གྲོན་གཏོང་རྒྱུའི་གྲོས་འཆར་ཞིག་ལ་མོས་མཐུན་གནང་ཡོད་པར་བརྟེན། ཨ་རིའི་གཞུང་སྒོ་རྒྱག་མི་དགོས་པ་ལོ་འདིའི་ཕྱི་ཟླ་༡༡ ཚེས་༡༧ བར་འཛིན་སྐྱོང་གི་ལས་དོན་རྣམས་མུ་མཐུད་ལས་རྒྱུ་ཐག་གཅོད་བྱུང་ཡོད་འདུག

ཡིན་ན་ཡང་། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོས་གྲོས་འཆར་དེ་ལ་རྒྱབ་སྐྱོར་གནང་བར་སྤྱི་མཐུན་ཚོགས་པའི་འཐུས་མི་འགའ་རེ་ཁོང་ཁྲོ་བཟས་ཤིང་། ཚོགས་གཙོས་ཨ་རིའི་སྲིད་འཛིན་དང་མཉམ་ལས་བྱས་པ་ལས་སྤྱི་མཐུན་ཚོགས་པའི་ཚོགས་མི་ཚོ་དང་མཉམ་ལས་བྱེད་ཀྱི་མི་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་འདུག ལྷག་པར་དུ་ཨ་རིའི་མངའ་སྡེ་ཧྥོ་ལོ་རི་ཌ་(Florida) ནས་ཡིན་པའི་གྲོས་ཚོགས་འཐུས་མི་མཱ་ཊི་ གྷེ་ཙི་( Matt Gaetz) ཡིས་ཚོགས་གཙོས་ཡུག་རེན་ལ་རོགས་སྐྱོར་མུ་མཐུད་སྤྲོད་ཆེད། ཨ་རིའི་སྲིད་འཛིན་བྷ་ཌན་སྲིད་གཞུང་དང་གསང་གྲོས་བྱས་ཡོད་པ་ཉེས་འཛུགས་ཀྱིས་ཁོ་ཚོགས་གཙོ་ནས་གནས་དབྱུང་གཏོང་རྒྱུའི་གྲོས་གཞི་ཞིག་ཁྱེར་ཡོང་བར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་མང་མོས་ཀྱིས་རྒྱབ་སྐྱོར་ཐོབ་སྟེ་ཚོགས་གཙོ་གནས་དབྱུང་བཏང་ཡོད་འདུག

གྲོས་ཚོགས་ཀྱི་ཚོགས་གཙོ་གནས་དབྱུང་བཏང་རྗེས། ཨ་རིའི་ཧྥི་ལོ་རི་ཌ་མངའ་སྡེ་ནས་ཡིན་པའི་གྲོས་ཚོགས་འཐུས་མི་མཱ་ཊི་ གྷེ་ཙི་( Matt Gaetz) ཡིས་གྲོས་ཚོགས་ཀྱི་ཚོགས་གཙོའི་ལས་གནས་ནས་འབབ་དགོས་པའི་རྒྱུ་མཚན་ནི་ཁོང་ལ་ཡིད་ཆེས་བྱེད་མཁན་མེད་པའི་དབང་གིས་ཡིན་པ་དང་། ཚོགས་གཙོས་ལས་དོན་མང་པོའི་ཐོག་ཁས་ལེན་དམ་བཅའ་བྱས་ཀྱང་ལག་ལེན་བསྟར་མེད་པ་རེད་ཅེས་བརྗོད་ཡོད་འདུག

ད་ལྟའི་ཆར་ཁོའི་ཚབ་ཏུ་བར་བརྒལ་ཚོགས་གཙོ་ནི་བྱང་ཀེ་རོ་ལི་ན་(Carolina) ་མངའ་སྡེའི་འཐུས་མི་ཕ་ཊི་རེ་ཁི་ མེག་ཧན་རེ་( Patrick McHenry) ཆགས་ཡོད་ཀྱང་ཁོང་གི་ལས་འགན་དང་དུས་ཡུན་རིང་ལོད་སོགས་ཀྱི་ཐོག་ལ་གསལ་ཆ་གང་ཡང་མེད་པ་རེད་འདུག

ཨ་རིའི་རྩ་ཁྲིམས་ལྟར་ན། གྲོས་ཚོགས་ཀྱི་ཚོགས་གཙོ་ལངས་པ་ལ་གྲོས་ཚོགས་ཀྱི་འཐུས་མི་མིན་ན་ཡང་ཆོག་གི་ཡོད་པར་བརྟེན། ཨ་རིའི་སྤྱི་མཐུན་ཚོགས་པའི་ཚོགས་མི་རེ་འགས་སྲིད་འཛིན་ཟུར་པ་ཊོམ་མིང་འདོན་བྱེད་བཞིན་ཡོད་འདུག ཡིན་ན་ཡང་། སྲིད་འཛིན་ཟུར་པ་ཊོམ་གྱིས་དེ་སྔ་ནས་ཁོང་ལ་ལས་ཀ་མི་དགོས་པ་དང་ཁོང་ཉིད་མ་འོངས་པར་སྲིད་འཛིན་ལང་རྒྱུའི་གསལ་བསྒྲགས་སྤེལ་དང་སྤེལ་བཞིན་ཡོད་འདུག

ཐེངས་འདིར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལས་གནས་ནས་གནས་དབྱུང་བཏང་བ་དེ་ལོ་རྒྱུས་ཐོག་ཐེངས་དང་པོ་ཆགས་ཤིང་། ཁོང་ནི་གྲོས་ཚོགས་ཀྱི་ཚོགས་གཙོ་༥༥ པ་ཡིན་འདུག ཨ་རིའི་སྲིད་འཛིན་གྱིས་གྲོས་ཚོགས་ལ་ཚོགས་གཙོ་གསར་པ་ཞིག་བསྐོ་བཞག་གང་མགྱོགས་གནང་བའི་རེ་སྐུལ་ཞུས་པ་སོགས་ཀྱི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།