དཀར་མཛེས་སུ་གྲྭ་པ་གཉིས་ཀྱིས་ཞི་རྒོལ་སྐད་འབོད།
བོད་རང་བཙོན་ཡིན། བཀའ་ཁྲི་བློ་བཟང་སེང་གེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ནང་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས། ཞེས་པ་སོགས་ཀྱི་འབོད་སྒྲ་སྒྲོག་བཞིན་ཁྲོམ་སྐོར་བྱས་ཡོད་པ་དང་། འཕྲལ་དུ་རྒྱ་གཞུང་གི་ཉེན་རྟོག་པ་ཡོང་སྟེ་ཁོང་གཉིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
གྲྭ་བླ་མ་ཚེ་རིང་ནི། སྐྱེས་ཡུལ་ཁམས་དཀར་མཛེས་རྫོང་། སུ་ངོ་ཤང་། ཞི་ལམ་ནང་ཞེས་པའི་གྲོང་ཚོ་རུ་ཕ་ཕུར་པ་དང་། མ་བློ་ཆོས་སྒྲོན་གཉིས་སུ་ཕྱི་ལོ་ ༡༩༨༩ ལོར་སྐྱེས་ཤིང་། ད་ལྟ་རང་ལོ་ ༢༢ ཡིན་འདུག
གྲྭ་རིན་ཆེན་རྒྱ་མཚོ་ནི། སྐྱེས་ཡུལ་ཁམས་དཀར་མཛེས་རྫོང་། སུ་ངོ་ཤང་། འགྱུར་ག་གྲོང་ཚོ་དུ་ ༼ཁྱིམ་མིང་འགྱུར་ག་སྒ་ཚང་༽ཕ་རྣམ་རྒྱལ་རིན་ཆེན་དང་། མ་བློ་སྒྲོལ་མ་གཉིས་སུ་ཕྱི་ལོ་ ༡༩༩༠ ལོར་སྐྱེས་ཤིང་ད་སྐབས་རང་ལོ་ ༢༡ ཡིན་འདུག
གཞན་ཡང་ད་ལྟའི་ཆར་དཀར་མཛེས་རྫོང་ཁུངས་སུ་ཡུལ་དགོན་གཉིས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་ནི། དཔེར་ན། ཁམས་དཀར་མཛེས་སྤྱི་བདེ་ལས་ཁུངས་ནས་དཀར་མཛེས་སུ་ཡོད་པའི་དགོན་པ་ཁག་ལ་གྲྭ་བཙུན་སུ་ཡིན་ཡང་གྲོང་ཁྱེར་ནང་། གང་བྱུང་མང་བྱུང་འགྲོ་མི་ཆོག་པ་དང་། གལ་སྲིད་ན་ཚ་འདྲ་ཕོག་ནས་འགྲོ་དགོས་བྱུང་ཚེ་ས་གནས་དང་ཤང་གི་ལས་ཁུངས་ནས་ངོ་སྤྲོད་ཡི་གེ་བླངས་ཏེ་ཁག་ཐེག་ཁུར་མཁན་ལས་བྱེད་མི་སྣ་གཅིག་མཉམ་དུ་མ་ཡོང་ན་འཛིན་བཟུང་བྱ་རྒྱུ་ཡིན་སྐོར་བཤད་བཞིན་ཡོད་འདུག །