རྒྱ་ནག་གིས་གསར་འགོད་པ་རྣམས་བརྒྱུད་ནས་འཛམ་གླིང་ནང་རྫུན་གཏམ་སྤེལ་ཐབས་བྱེད་བཞིན་པ།

ཉེ་ཆར་ཨ་རིའི་གཞུང་གིས་བརྗོད་དོན་ལ་རྒྱ་ནག་གིས་འཛམ་གླིང་ནང་བདེན་པ་མིན་པའི་རྫུན་གཏམ་ཁྱབ་སྤེལ་བྱེད་ཀྱི་ཡོད་པར་བརྟེན། དེ་ཡིས་གོ་ལའི་ཞི་བདེ་དང་བདེ་འཇགས་ལ་གནོད་འཚེ་གཏོང་གི་ཡོད་པས། ངེས་པར་དུ་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་ཡོད་འདུག 

ཕྱི་ཚེས་༨ ཉིན་རྒྱ་ནག་གི་(Xinhua)ཤིན་ཧྰ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཉིན་ལྔའི་རིང་རྒྱལ་ཁབ་༢༢ ནས་གསར་འགོད་པ་ཁྱོན་༣༠ ཙམ་ལྟ་སྐོར་དུ་ཁྲིད་ཡོད་པ་དང་། ལྟ་སྐོར་དེ་བདུན་ཕྲག་སྔོན་མའི་གཟའ་མིག་དམར་ཉིན་འགོ་འཛུགས་བྱས་ཡོད་འདུག སྐབས་དེ་དུས་ཕྱི་རྒྱལ་གྱི་ལྟ་སྐོར་བ་རྣམས་ལྷ་ས་གཙོས་པའི་ཀོང་པོ་ཉིང་ཁྲི་སོགས་ཉེ་འཁོར་གྱི་གྲོང་ཁྱེར་ཁག་ཏུ་ལྟ་སྐོར་ཕྱིན་ཡོད་ཚུལ་དང་། ས་གནས་ཀྱི་མི་དང་འགོ་ཁྲིད་ཁག་ལ་བཅར་འདྲི་བྱེད་དུས་ས་གནས་ཀྱི་དཔལ་འབྱོར་དང་རིག་གནས་སོགས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཚུལ་རྗོད་ཀྱི་འདུག་ཅེས་བརྗོད་འདུག ལྟ་སྐོར་བའི་ཁྲོད་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་པ་(Marie-Noelle Waiane)ཟེར་བ་ཞིག་གིས་བརྗོད་དོན་ལ་ཀོང་པོ་ཉིང་ཁྲིའི་ནང་ཡོད་པའི་འགྲེམས་སྟོན་ཁང་ཞིག་ཏུ་ཕྱིན་ཡོད་ཚུལ་དང་། འགྲེམས་སྟོན་ཁང་དེའི་ནང་སྔར་གྱི་ལོ་རྒྱུས་དང་རིག་གནས་ཤུལ་བཞག་སོགས་ཉར་ཚགས་ཡག་པོ་བྱས་ཡོད་ཚུལ་སོགས་བརྗོད་འདུག དེ་བཞིན་འགྲེམས་སྟོན་ཁང་དེའི་ནང་དངོས་རྫས་སྟོང་ཚོ་འགའ་ཤས་འདུག་པས། བོད་ནང་རྒྱ་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱས་ཡོད་ཚུལ་དང་། མི་དང་རང་བྱུང་ཁམས་གཉིས་ཀྱི་བར་འབྲེལ་ལམ་ཡག་པོ་ཉར་ཡོད་ཚུལ། ཐེངས་འདིའི་ལྟ་སྐོར་དེའི་བརྒྱུད་ནས་རྒྱལ་ཁབ་༤༠ ཙམ་ནས་ཡོང་བའི་སྐུ་ཚབ་ཚོ་ལ་བློ་བསྐྱེད་ཆེན་པོ་རག་ཡོད་ཚུལ་སོགས་བརྗོད་འདུག དེ་བཞིན་བོད་ནང་རླུང་ཁམས་འབག་བཙོག་ཧ་ཅང་ཉུང་ཉུང་ཡོད་ཚུལ་དང་། དེ་ལ་བརྟེན་ནས་འཛམ་གླིང་གི་ས་ཁམས་དམའ་སར་གནས་པའི་རྒྱལ་ཁབ་དག་གིས་བོད་ནང་གི་ས་གནས་མི་མང་དང་རྒྱ་ནག་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། འཛམ་གླིང་ནང་ཁོར་ཡུག་འབག་བཙོག་མང་ཤོས་བཟོ་མཁན་གྱི་རྒྱལ་ཁབ་དག་གིས་རྒྱ་ནག་ལ་མིག་དཔེར་ལྟ་དགོས་ཚུལ་སོགས་བརྗོད་འདུག

དེ་ནས་ཀོང་པོ་ཉིང་ཁྲི་ནས་ལྷ་ས་བར་རྒྱ་ནག་གི་མགྱོགས་ཚད་ཆེ་བའི་མེ་འཁོར་ནང་ཡོང་ཡོད་ཚུལ་དང་། ལྷ་སའི་འགྲེམས་སྟོན་ཁང་དང་པོ་ཏ་ལ། ཇོ་ཁང་སོགས་ལ་ལྟ་སྐོར་ཕྱིན་ཡོད་ཚུལ་སོགས་བརྗོད་འདུག བལ་ཡུལ་གྱི་གསར་ཁང་ཞིག་གི་གསར་འགོད་པ་(Birat Gautam)ཟེར་བ་དེ་ཡིས་བརྗོད་དོན་ལ། བོད་ནང་གི་ས་གནས་བོད་མི་ཚང་མས་བོད་ཆས་གྱོན་གྱི་འདུག་པ་དང་། ཚོང་ཁང་ཚང་མའི་སྒོ་བྱང་ཐོག་བོད་ཡིག་བྲིས་ཡོད་ཚུལ། ས་གནས་མི་མང་གིས་རང་གི་རིག་གཞུང་སྲུང་སྐྱོབ་ཡག་པོ་བྱས་ཡོད་ཚུལ་བརྗོད་འདུག འདི་ལོ་ནི་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་འགོ་བཙུགས་ནས་ལོ་༡༠ འཁོར་གྱི་ཡོད་པར་བརྟེན། གསར་འགོད་པ་རྣམས་ཀྱིས་ས་གནས་གང་དུ་ཕྱིན་ནའང་མི་མང་དང་ལྷན་དུ་བརྒྱུད་གཅིག་ལམ་གཅིག་སྐོར་གླེང་སློང་བྱས་ཡོད་ཚུལ་བརྗོད་འདུག 

ཉེ་ཆར་སྤྱི་ཟླ་༨ ནང་རྒྱ་ནག་གཞུང་གི་གོ་སྒྲིག་འོག་ཟླ་བ་༤ རིང་གསར་འགོད་པ་ཁྱོན་༨༡དང་རྒྱལ་ཁབ་༦༡ ནས་སླེབས་པའི་གསར་འགོད་པ་རྣམས་ལ་ཟབ་སྦྱོང་སྤྲད་ཡོད་འདུག་པ་དང་།

(Marie-Noelle Waiane)ཟེར་བའི་གསར་འགོད་པ་དེ་ཟབ་སྦྱོང་དེའི་ནང་ཕྱིན་པའི་གསར་འགོད་པ་ཞིག་ཡིན་འདུག ཟབ་སྐྱོང་དེ་ཐེངས་བརྒྱད་པ་ཡིན་འདུག་ལ། ལོ་རྟག་པར་རྒྱ་ནག་གཞུང་གིས་ཨེ་ཤེ་ཡ་དང་ལྷོ་ཨ་ཧྥི་རི་ཀ བྱང་ཨ་རི། དཀྱིལ་ཤར་ཡུལ་གྲུ ཡུ་རོབ་བཅས་ཀྱི་རྒྱལ་ཁབ་དག་ནས་གསར་འགོད་པ་རྣམས་ལ་རྒྱ་ནག་གཞུང་གིས་འགྲོ་གྲོན་ཆ་ཚང་བཏང་ནས་ཟབ་སྦྱོང་སྤྲོད་ཀྱི་ཡོད་པར་བརྟེན། ཉེ་ཆར་ཨ་རིའི་གཞུང་གིས་ཉེན་བརྡ་བཏང་དོན་ལ་རྒྱ་ནག་གཞུང་གིས་འཛམ་གླིང་ནང་ཁུངས་བདེན་མེད་པའི་རྒྱ་ནག་རང་གི་འདོད་ཕྱོགས་ཁོ་ན་བརྗོད་རྒྱུའི་ཆེད་དུ་གསར་འགོད་པ་དག་ལ་ཟབ་སྦྱོང་སྤྲོད་ཀྱི་ཡོད་པར་བརྗོད་འདུག་ལ། ཁུངས་བདེན་མིན་པའི་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་རྒྱུ་དེ་ཡིས་འཛམ་གླིང་ནང་ཞི་བདེ་དང་བདེ་འཇགས་ལ་གནོད་ཚེ་གཏོང་གི་ཡོད་ཚུལ་བརྗོད་འདུག གོ་ལའི་དཔལ་འབྱོར་ཚགས་ཤོག་(Bloomberg)ཟེར་བའི་ནང་འཁོད་དོན་ལ། ཕྱི་ལོ་༢༠༠༩ ནས་འཛམ་གླིང་ནང་རྒྱ་ནག་གིས་གསར་འགྱུར་ཁྱབ་སྤེལ་ཆེད་དུ་ཨ་སྒོ་ཐེར་འབུམ་༦་༦ བཏང་ཡོད་འདུག་ལ། ཕྱི་ལོ་༢༠༠༨ ནས་༢༠༡༨ བར་ཨ་སྒོར་ཐེར་འབུམ་༢་༨ བཏང་ཡོད་འདུག

གསར་འགོད་པ་། བསོད་ནམས་ཕུན་ཚོགས།