ཕྱི་རྒྱལ་བ་རི་འཛེག་མཁན་གཉིས་བོད་ནང་གི་གངས་ཁྲོད་དུ་འདས་གྲོངས་སུ་གྱུར་ཡོད་འདུག

ཉེ་ཆར་བོད་ནང་གངས་རི་ལ་འཛེག་མཁན་ཁྱོན་མི་༥༠ བྱུང་ཡོད་པ་དང་། སྐབས་དེ་དུས་བལ་ཡུལ་གྱི་མི་ཞིག་དང་ཨ་རིའི་མི་ཞིག་བཅས་མི་གཉིས་གངས་ཁྲོད་དུ་གྲོངས་ཡོད་འདུག
ཕྱི་ཚེས་༩ ཉིན་ཐའེ་པེ་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་རྒྱ་ནག་གི་ཤིན་ཧྰ་གསར་ཁང་གིས་བོད་ནང་ཨ་རི་བ་ཞིག་དང་བལ་ཡུལ་གྱི་མི་གཉིས་བོད་ཀྱི་རི་ཤི་ཤ་སྦང་མ་ཟེར་བ་དེར་འཛེགས་ནས་གྲོངས་ཡོད་པར་བརྗོད་འདུག རི་དེར་འཛེག་མཁན་ནང་ཁྱོན་མི་༥༠ ཙམ་ཡོད་འདུག་པ་དང་། རི་དེའི་མཐོ་ཚད་མི་ཊར་༨༠༠༠ ལས་མཐོ་བ་ཡོད་ཅིང་། རི་དེ་འཛམ་གླིང་ནང་རི་མཐོ་ཤོས་༡༤ པ་དེ་ཡིན་འདུག རི་དེའི་སྒང་འཛེགས་ནས་གྲོངས་མཁན་ཨ་རི་བ་དེའི་མིང་ལ་(Anna Gutu)་དང་ལམ་ཁྲིད་བལ་ཡུལ་བ་མིག་དམར་ཤར་པ་ཟེར་བ་དེ་ཡིན་པར་བརྗོད་འདུག དེ་བཞིན་ཨ་རི་བ་(Gina Marie Rzucidlo)་དང་བལ་ཡུལ་གྱི་ལམ་ཁྲིད་བ་(Gina Marie Rzucidlo)ཟེར་བའི་མི་གཞན་གཉིས་ཀྱང་བརླགས་ཡོད་འདུག བལ་ཡུལ་གྱི་ལམ་ཁྲིད་བ་དེ་དེ་སྔོན་ཕྱི་ཟླ་༧ ནང་པ་ཀི་སི་ཐན་གྱི་རི་(K2 )ཟེར་བ་དེའི་སྒང་འཛེགས་ཏེ་འཛམ་གླིང་ནང་རི་འཛེག་མཁན་མགྱོགས་ཤོས་དེ་ཆགས་ཡོད་འདུག རི་འཛེག་སྐབས་གངས་རུད་ཀྱིས་རྐྱེན་པས་མི་མང་པོ་རྨས་པ་དང་གྲོངས་པ་སོགས་ཡོང་གི་ཡོད་འདུག་ལ། ཐེངས་འདིའི་གངས་རི་འཛེག་མཁན་རུ་ཁག་ནང་ཨི་ཊ་ལི་དང་། ཉི་ཧོང་། པ་ཀི་སི་ཐན། རོ་མ་ནི་ཡ། དབྱིན་ཡུལ། ཨ་རི་བཅས་ནས་ཁྱོན་མི་༥༠ ལྷག་ཙམ་ཡོད་པར་ཤིན་ཧྰ་གསར་ཁང་གིས་བརྗོད་ཡོད་ཚུལ་བཀོད་འདུག དེའི་རྗེས་ཤི་ཤ་སྦང་མ་ཟེར་བའི་བོད་ནང་གི་རི་དེའི་སྒང་ནས་གངས་རུད་རྒྱག་གི་ཡོད་པར་བརྟེན། ད་ཆར་རི་དེའི་སྒང་ལ་འཛེག་རྒྱུ་རྒྱ་ནག་གཞུང་གིས་བཀག་སྡོམ་བྱས་ཡོད་འདུག དེ་སྔོན་པ་ཀི་སི་ཐན་གྱི་མི་(Sirbaz Khan)་ཟེར་བ་ཞིག་བོད་ནང་གི་རི་ཤི་ཤ་སྦང་མ་ཟེར་བ་དེའི་སྟེང་ལ་འཛེགས་ནས་འཛམ་གླིང་ཐོག་རི་དེའི་ཐོག་ལ་འཛེག་མཁན་པ་ཀི་སི་ཐན་བ་ཐོག་མ་དེ་ཡིན་འདུག ད་བར་རི་དེའི་ཐོག་ཏུ་མི་༣༠༠ ཙམ་འཛེགས་ཡོད་པ་དང་དེའི་ནང་ནས་བརྒྱ་ཆ ༡༠ ཙམ་འདས་གྲོངས་སུ་གྱུར་པ་དང་། རྨས་པ་སོགས་བྱུང་ཡོད་འདུག ཕྱི་ལོ་༡༩༩༩ ལོར་ཨ་རི་བ་(Alex Lowe) ཟེར་བ་ཞིག་ཤི་ཤ་སྦང་མ་ལ་འཛེགས་ནས་གངས་རུད་ཀྱིས་རྐྱེན་པས་འདས་གྲོངས་སུ་གྱུར་ཡོད་པ་དང་། མི་དེའི་ཕུང་པོ་ཕྱི་ལོ་༢༠༡༦ ལོར་གངས་བཞུ་དུས་རྙེད་ཡོད་འདུག ལོ་གཅིག་ནང་རི་ལ་འཛེག་རྒྱུའི་དུས་ཚོད་ཡག་ཤོས་ནི་ཕྱི་ཟླ་༡༠ ནང་ཡིན་པ་དང་དེ་དུས་རིའི་སྒང་གི་གངས་རྣམས་འཁྱག་པའི་དུས་ཡིན་པའི་རྐྱེན་གྱིས་ཡིན་འདུག འོན་ཀྱང་། ཉེ་ཆར་ཚན་རིག་པ་དག་གིས་བརྗོད་དོན་ལ་གོ་ལའི་ཚ་དྲོད་འཕར་བཞིན་པའི་རྐྱེན་གྱིས་གངས་བཞུར་ནས་གངས་རུད་མང་པོ་རྒྱག་གི་ཡོད་པའི་རྐྱེན་གྱིས་ཧི་མ་ལ་ཡའི་རིའི་སྒང་འཛེག་མཁན་རྣམས་ཀྱིས་གཟབ་གཟབ་བྱེད་དགོས་པའི་ཉེན་བརྡ་བཏང་ཡོད་འདུག དེ་བཞིན་རྒྱ་ནག་གཞུང་གིས་ཧི་མ་ལ་ཡའི་རི་རྩེར་གནམ་གཤིས་རྟག་དཔྱད་ཆེད་དུ་འཕྲུལ་ཆས་བཞག་ནས་གོ་ལའི་ཚ་དྲོད་ལ་རྟག་དཔྱད་བྱེད་རྒྱུ་ཡིན་འདུག ད་བར་ལོ་གཉིས་ནང་ཧི་མ་ལ་ཡའི་རི་འཛེགས་ནས་འདས་གྲོངས་སུ་གྱུར་མཁན་མི་༡༢༠ ཙམ་བྱུང་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
