ཨན་སཱང་སུའུ་ཅཱི་ཡི་ཞི་བའི་ཐབས་ལམ་འགྱུར་བ་གཏོང་སྲིད་ཟེར།
ཟླ་འདིའི་ཚེས་༢༠ ཉིན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཡོད་པའི་བྷི་བྷི་སི་གསར་ཁང་དང། འབར་མའི་རྒྱལ་ས་ཡཱན་གཱོན་དུ་ཡོད་པའི་གསང་བའི་ས་གནས་ཤིག་ནས་ཨན་སཱང་སུའུ་ཅཱི་དབར་དྲི་བ་དྲིས་ལན་བྱས་པའི་སྐབས་སུ། ཁོང་གིས་གསུངས་པར། ཎེལ་སྰོན་མཎ་ཌེ་ལ་ཡིས་རང་ཉིད་ཀྱི་ལངས་ཕྱོགས་དེ་ཆབ་སྲིད་གི་གནད་དོན་ཐོག་ནས་གྱུར་བ་གཏོང་མྱོང་ཡོད་པ་དང། རང་ཉིད་ནས་དུས་ཡུན་རིང་པོའི་རིང་རྩོད་བཞིན་པའི་འཚེ་མེད་ཞི་བའི་ཐབས་ལམ་གྱི་ལངས་ཕྱོགས་དེ་ལའང་འགྱུར་གཏོང་སྲིད་པ་ཡིན་ཞེས་འགྲེལ་བརྗོད་བྱས་ཡོད་པ་རེད།
ཁོང་གིས་འཛིན་བཞིན་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེའི་ཐོག་འགྲེལ་བརྗོད་བྱས་དོན། འཚེ་མེད་ཞི་བའི་ལངས་ཕྱོགས་དེ་ནི་ཀུན་སྤྱོད་ཀྱི་བྱ་གཞག་ཆེད་དུ་མིན་པར་དངོས་ཡོད་གནས་ཚུལ་དང་ཆབ་སྲིད་ཀྱི་དགོས་པ་རྒྱུ་མཚན་ལ་བརྟེན་ནས་འཛིན་པ་ཞིག་ཡིན་ཞེས་དང། མཱ་ཧ་ཏཱ་མ་གྷན་ཌྷི་མཆོག་ནི་འཚེ་མེད་ཞི་བའི་སྲོལ་འབྱེད་མཁན་ཡིན་པ་དང། ཁོང་གིས་དཔའ་ཞུམ་ནས་སྡོད་པ་དང་འཚེ་བའི་ལམ་གཉིས་ལས་འཚེ་བའི་ལམ་དེ་གདམ་ག་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད་ཅེས་བརྗོད་ཡོད་འདུག
ཁོང་གིས་མུ་མཐུད། འབར་མ་རྒྱལ་ཁབ་ལྟར་མིན་པར་དཀྱིལ་ཤར་ཨ་རབ་ཡུལ་གྲུ་ཁག་གི་ནང་དུ་ཞི་རྒོལ་བྱུང་བ་རྣམས་ལམ་ལྷོང་ཡོང་བ་དེ་ནི་ཁུལ་དེར་དྲྭ་རྒྱའི་མཐུན་རྐྱེན་བཟང་པོ་ཡོད་པ་ལ་བརྟེན་ནས་རེད་ཅེས་དང། འབར་མའི་མི་མང་རྣམས་ཀྱིས་ཨ་རབ་ཡུལ་གྲུའི་ཞི་རྒོལ་ལས་ལྷག་པའི་ངོ་རྒོལ་བྱ་རྒྱུའི་འདུན་པ་ཡོད་པ་རེད། ཏུ་ཎི་ཤི་ཡཱ་དང་འབར་མ་གཉིས་དབར་འདྲ་བའི་ཆ་ཞིག་ཡོད་པ་ནི། འཛམ་གླིང་འདིའི་ཐོག་རང་དབང་འདོད་མཁན་གྱི་མི་རྣམས་གཅིག་སྒྲིལ་བྱེད་པའི་འདོད་པ་ཡོད་པ་དེ་རེད་ཅེས་དང། ད་དུང་ཁོང་གིས། འབར་མའི་དྲག་པོའི་དམག་གི་སྲིད་གཞུང་ལ་སྐྱོན་འཛུགས་བྱས་པ་དེ་ནི་རང་ཉིད་ལ་སྨྲ་བརྗོད་རང་དབང་དགོས་པའི་རྒྱུ་མཚན་གྱིས་ཡིན་ཞེས་སོགས་འགྲེལ་བརྗོད་བྱས་ཡོད་པ་རེད་འདུག
ཕྱི་ལོ་༡༩༩༠ ལོར་འབར་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་དུ་ལྕམ་ཨན་སཱང་སུའུ་ཅཱི་ཡིས་སྣེ་ཁྲིད་པའི་རྒྱལ་ཡོངས་མང་གཙོ་ཚོགས་པ་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་ཀྱང། འབར་མའི་དམག་དཔུང་གིས་ཆབ་སྲིད་དབང་ཆ་རྣམས་སྤྲད་མེད་པ་མ་ཟད། ཨན་སཱང་སུའུ་ཅཱི་ལོ་མང་པོའི་རིང་ལ་བཟང་བཙོན་གྱི་གནས་བབ་འོག་ཏུ་སྡོད་དགོས་བྱུང་ཡོད་པ་རེད།།
