ཡུན་རིང་འདྲིས་པའི་གྲོགས་མཆེད་ཅིག་ལ།
ད་ལྟ་གང་དུ་བཞུགས་སམ་ཤེས་འདོད་ཆེ། །
མཛད་འཕྲིན་ཅི་ཞིག་གནང་བའི་གནས་བྲིས་ཤིག།
ཁོ་བོ་བརྗེད་པ་མེད་ན་ཡིག་ལན་ཞིག།།
འཕྲིན་འདི་སོན་མ་ཐག་ཏུ་བསྲིང་འཚལ་ལོ། །
ལྷུན་པོ་དགུང་ལ་ཟུག་འདྲའི་བརྗིད་པའི་སྐུ། །
ཚངས་པའི་དབྱངས་ལ་འགྲན་པའི་སྙན་པའི་གསུང་།།
ལྷ་ཡི་གོས་ལྟར་འཇམ་པའི་བཟང་བའི་ཐུགས། །
གྲོགས་པོ་གང་ལ་འཚམས་འདྲི་ལན་བརྒྱར་ཞུ།།
ཉེ་ཆར་ལྡི་ལིར་ཞལ་པར་ཐོག་ཏུ་ཐུག །
དཀའ་མོལ་ལྷུག་པོར་བྱུང་བས་གནས་ཚུལ་རྣམས། །
ཞིབ་ཅིང་རྒྱས་པར་ཤེས་པས་ཁོ་བོའི་བློར། །
དངོས་སུ་མཇལ་བ་ལྟ་བུའི་སྤྲོ་བ་འཕེལ། །
བརྩམས་པའི་བསྟན་བཅོས་གྲོགས་པོ་བེ་འཇིགས་ཀྱི། །
གློག་ཀླད་དྲ་རྒྱར་མགོ་ནས་མཇུག་བར་དུ། །
ཤར་མར་ཚར་གཅིག་བཀླགས་པས་ཚོར་སྣང་ལ། །
བརྩམས་པ་བཟང་ཡང་ཅུང་ཟད་བསྡུས་དྲག་སྙམ། །
ཕ་ཡུལ་ལོ་རྒྱུས་དངོས་མ་ཞིབ་ཙམ་ཞིག །
བྲེལ་བ་མེད་པར་ཁོང་གསང་ལྷོད་པོར་ངང། །
བསྐྱར་དུ་འབྲི་ན་ཕུན་སུམ་ཇེ་ཚོགས་སུ། །
འགྱུར་ཡོང་སྙམ་ཡང་ཅི་དགའ་བརྟག་པར་འཚལ། །
ལོ་རྒྱུས་རིག་པར་ཉམས་མྱོང་བསགས་པ་དང། །
ཚན་རིག་བཀོད་སྤྱོད་སྒྱུ་རྩལ་བཟང་ཞིང་མཁས། །
དེང་རབས་ལོ་རྒྱུས་དངོས་དོན་འབྲི་རྒྱུ་སོགས། །
ཁྱད་ཆོས་ལྡན་པའི་ལོ་རྒྱུས་བརྩམས་ཆོས་ལ། །
ད་དུང་ཚང་བའི་འཁྱོགས་བརྗོད་བསྡུས་བརྗོད་དང་། །
འུར་བསྟོད་ལྷ་སྒྲུང་ལྟ་བུར་མ་སོང་བར་། །
ཇི་བཞིན་བརྗོད་པའི་དངོས་ཐོག་བདེན་འཚོལ་གྱིས། །
ལོ་རྒྱུས་དངོས་གཙོ་ཞིག་ཏུ་འགྱུར་ན་སྙམ། །
ཅེས་པ་འདི་ཡང་གྱི་ན་བ། །
དགེ་མིང་འཛིན་པ་ཕུན་ཚོགས་ཀྱིས།།
གྲོགས་ལ་སྙིང་གཏམ་ཚིག་འདི་ཡང། །
མཁྲིས་སྨན་ཚུལ་དུ་མཁྱེན་པར་མཛོད།།
འཕྲིན་འདི་ཕྱག་ཏུ་འཕྲད་མ་ཐག །
གནས་ཚུལ་ཞིབ་གསལ་འཁོད་པ་ཡི།།
བློ་བདེ་སྤྲོ་སྐྱེས་ཡིག་ལན་ཞིག །
བསྲིང་བའི་འདུན་པ་རེ་ཙམ་སྐྱེས།།
སྐུ་ཁམས་བཟང་ཞིང་མཛད་ལས་དག །
ཐུག་བསམ་ཇི་བཞིན་འགྲུབ་པ་ལ།།
སྨོན་པ་དང་བཅས་སིམ་ལ་ནས། །
འཕྲིན་འདི་ཁྱེད་ལ་དུང་བས་ཕུལ༎
ཞེས་པ་འདི་ཡང་སྤྱི་ལོ་༢༠༠༩ཟླ་༠༣ཚེས་༡༢ཉིན་གྲོགས་མཆེད་ཅིག་ལ་ཕུལ་བ་འདིར་དྲ་བཀོད་བྱས་ན་རང་མཉམ་ན་གཞོན་ཚོར་མིག་རྣའི་དགའ་སྟོན་དུ་མི་འགྱུར་རམ་སྙམ་པས་སོ།།
