དྷེ་ཝ་ལིའི་དུས་ཆེན་རྐྱེན་པས་ལྡི་ལིའི་ནང་གི་མཁའ་རླུང་འབག་བཙོག་ཚད་ལས་བརྒལ་བ།

ད་ཆར་འཛམ་གླིང་ནང་འགྲོ་བ་མིའི་བྱ་སྤྱོད་ལ་བརྟེན་ནས་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་ཕོག་བཞིན་ཡོད་པ་དང་། དེའི་ནང་ནས་ཆུ་དང་རླུང་། ས་སོགས་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་ཐེབས་བཞིན་པའི་སྐབས་འདིར། རྒྱ་གར་ནང་དྷེ་ཝ་ལིས་ཟེར་བའི་མར་མེའི་དུས་ཆེན་འདིའི་སྐབས་སུ་ཤོག་སྦག་ཕོན་ཆེན་སྦར་བའི་རྐྱེན་གྱིས་ད་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རླུང་ཁམས་འབག་བཙོག་ཚད་ལས་བརྒལ་བར་གྱུར་ཡོད་པ་དང་། སྤྱིར་ལྡི་ལི་དང་པེ་ཅིན་གཉིས་འཛམ་གླིང་ནང་གི་རླུང་ཁམས་འབག་བཙོག་ཆེ་ཤོས་ཀྱི་གྲོང་ཁྱེར་གཉིས་ཆགས་ཀྱི་ཡོོད་འདུག

ཕྱི་ཚེས་༡༣ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རེས་གཟའ་ཉི་མའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་སྤྱི་ཡོངས་ཀྱི་རླུང་ཁམས་འབག་བཙོག་དང་། མར་མེའི་དུས་ཆེན་ནམ་དྷེ་ཝ་ལིའི་སྐབས་སུ་ཤོག་སྦག་ཚད་མེད་སྦར་བའི་རྐྱེན་གྱིས་རླུང་ཁམས་སྔར་ལས་ཇེ་སྡུག་ཏུ་ཕྱིན་ནས་སློབ་གྲྭ་ཁག་གི་སློབ་མ་རྣམས་ཀྱི་འཕྲོད་བསྟེན་ལ་ལྟ་སྐྱོང་བྱེད་དགོས་པར་ལྡི་ལི་གཞུང་གིས་ལམ་སྟོན་གནང་འདུག ལྡི་ལིའི་ནང་འཕྲུལ་འཁོར་གྱི་འབག་བཙོག་དང་། བཟོ་གྲྭ དེ་བཞིན་ཞིང་པ་རྣམས་ཀྱིས་སྟོན་ཐོག་གི་སྙིགས་རོ་རྣམས་མེར་སྲེག་གཏོང་གི་ཡོད་པ། གཞན་ཡང་ནམ་དུས་གྲང་དུ་འགྲོ་དུས་མི་རྣམས་ཀྱིས་མེ་གཏོང་གི་ཡོད་པ་སོགས་ཀྱིས་རྐྱེན་པས་ལྡི་ལིའི་ནང་གི་རླུང་ཁམས་འབག་བཙོག་ཚད་ལས་བརྒལ་ཡོད་འདུག ཟླ་བ་འདིའི་ཟླ་མགོ་ནས་ལྡི་ལིའི་ནང་རླུང་ཁམས་འབག་བཙོག་ཧ་ཅང་ཆགས་པའི་རྐྱེན་གྱིས་བདུན་གཅིག་ཙམ་རིང་དུ་ལྡི་ལི་ས་གནས་ཀྱི་སློབ་གྲྭ་མང་པོ་ཞིག་གནས་སྐབས་སྒོ་རྒྱག་དགོས་བྱུང་ཡོད་འདུག་པ་དང་། སློབ་མ་རྣམས་ཀྱི་འཛིན་གྲྭ་དྲ་ཐོག་ནས་འཚོགས་དགོས་འབྱུང་བཞིན་ཡོད་འདུག 

དེ་བཞིན་ལྡི་ལིའི་ནང་རྐང་རྩེད་པོ་ལོ་དང་དབྱུག་རྩེད་པོ་ལོ་སོགས་ཀྱི་རྩེད་མོའི་རིགས་མང་པོ་ཞིག་གནས་སྐབས་རིང་རྩེད་རྒྱུ་མེད་པ་བཟོས་ཡོད་འདུག ལྡི་ལི་ཆེས་མཐོའི་ཁྲིམས་ཁང་གིས་ས་ཁྲའི་ནང་དམར་རྟགས་ཡོོད་པའི་ས་ཁུལ་དུ་མར་མེའི་དུས་ཆེན་སྐབས་སུ་ཤོག་སྦག་སྦར་རྒྱུ་བཀག་སྡོམ་བྱེད་དགོས་པའི་བཀག་རྒྱ་བཏང་ཡོད་འདུག རླུང་ཁམས་འབག་བཙོག་གིས་རྐྱེན་པའི་མི་མང་གི་འཕྲོད་བསྟེན་ལ་ཡང་ཧ་ཅང་གནོད་སྐྱོན་ཆེན་པོ་ཕོག་གི་ཡོད་འདུག དབུགས་གཏོང་ལེན་གྱི་དཀའ་ངལ་དང་གློ་ནད་རིགས་ཡོང་རྒྱུའི་ཉེན་ཁ་ཡོད་པ། སྐྱེས་མ་ཐག་པའི་བྱིས་པ་ཡིན་ན་ལྡི་ལིའི་ནང་སྡོད་པ་ནི་ཧ་ཅང་གིས་ཉེན་ཁ་ཆེན་པོ་ཡིན་འདུག་པ་མ་ཟད། ཆུང་དུས་ནས་གློ་ནད་ཕོག་རྒྱུའི་ཉེན་ཁ་ཡང་ཆེན་པོ་ཡོད་འདུག འོན་ཀྱང་། ཉེ་ཆར་ལྡི་ལིའི་ཆེས་མཐོའི་ཁྲིམས་ཁང་ནས་ས་ཁྲ་ནང་དམར་རྟགས་ཡོད་སའི་ས་ཁུལ་ཁག་ཏུ་ཤོག་སྦག་སྦར་མི་ཆོག་པའི་བཀག་རྒྱ་བཏང་ཡོད་ཀྱང་། དེ་ཆབ་སྲིད་ཀྱི་གནད་དོན་བཟོས་ནས་རྙོག་གླེང་མང་པོ་འབྱུང་བཞིན་ཡོད་འདུག མར་མེའི་དུས་ཆེན་སྐབས་སུ་ཤོག་སྦག་སྦར་མི་ཆོག་པར་བཀག་སྡོམ་བྱས་པ་ནི་ཧིན་དྷུའི་ཆོས་ལུགས་ལ་དམིགས་ཡོད་ཚུལ་རྗོད་ཀྱི་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།