ཅེག་སྤྱི་འཐུས་རྒྱལ་ཁབ་ཀྱི་སྲིད་བློན་ཟུར་པ་འདས་པོའི་སྐུ་ཟླར་༧གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་གནང་།

པར་རིས་ཡོང་ཁུངས་དགའ་ལྡན་ཕོ་བྲང་དྲྭ་བ།

ཕྱི་ཟླ་༡༡ ཚེས་ ༡༡ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ཟུར་པ་དང་བོད་དོན་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ཁ་རེལ་(Karel Schwarzenberg) ལགས་སྙུན་གཞིས་རྐྱེན་བྱས་ཏེ་དགུང་གྲངས་༨༥  ཐོག་དགོངས་པ་རྫོགས་པར་བརྟེན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༡༡ ཚེས་༡༥ ཉིན་ཁོང་གི་སྐུ་ཟླ་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་གནང་འདུག

དེ་ཡང་མགོན་པོ་གང་གི་ཐུགས་གསོའི་གསུང་འཕྲིན་ནང་། ཁོང་གི་སྐུ་ཚེ་ཧྲིལ་པོར་རྒྱལ་ཁབ་ལ་ཞབས་འདེགས་བསྒྲུབས་ནས་མི་ཚེ་དོན་དང་ལྡན་པ་བསྐྱལ་ཡོད་པ་དང་། ཁོང་གིས་སྲིད་འཛིན་ཝེ་ཁེ་ལེབ་ཧ་ཝིལ་(Vaclav Havel)ལས་ཁུངས་ཀྱི་སྤྱི་ཁྱབ་བློན་ཆེན་གྱི་ལས་ཁུར་བཞེས་རྗེས། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་གྱི་ལས་ཁུར་བཞེས་སྐབས་ནས་བཟུང་༧གོང་ས་མཆོག་གིས་ཁོང་ངོ་ཤེས་ཀྱི་ཡོད་ཅིང་། མགོན་པོ་གང་ཉིད་པ་རག་ཏུ་བསྐྱོད་སྐབས་ཤིག་ལ་ཁོང་གནམ་གྲུའི་ནང་མཉམ་དུ་བསྐྱོད་རྒྱུའི་གོ་སྐབས་བྱུང་བས་ཁོང་གི་གནང་སྟངས་ལ་བསྔགས་བརྗོད་ཞུས་པའི་སྐོར་དང་། ཁོང་ནི་མགོན་པོ་གང་གི་སེམས་ཉེ་བའི་གྲོགས་པོར་བརྩི་གི་ཡོད་ལ། ཁོང་གི་གྲོགས་འདྲིས་དང་གཡོ་བ་མེད་པའི་རྒྱབ་སྐྱོར་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་ཞེས་བཀའ་བསྩལ་འདུག

གཞན་ཡང་ཟླ་འདིའི་ཚེས་༡༤ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་ཀྱང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་འཛམ་གླིང་གང་སར་ཡོད་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཁོང་གི་སྐུ་ཟླ་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་གནང་འདུག

དེ་ཡང་སྤྱི་འཐུས་ཚོགས་གཙོའི་གསུང་འཕྲིན་ནང་། ཁོང་གི་སྙིང་ཉེ་བའི་སྐུ་ཟླ་འདས་གྲོངས་སུ་ཕྱིན་པའི་གཏམ་གོ་ཐོས་བྱུང་བར་ཧ་ཅང་བློ་ཕམ་བྱུང་ཞེས་དང་། ཁོང་ནི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གྱི་ལས་ཁུར་སྐབས་གཉིས་བསྟུད་མར་བཞེས་མྱོང་མཁན་གྱི་ཆབ་སྲིད་པ་དང་ཕྱི་འབྲེལ་མི་སྣ་ཞིག་ཡིན་པ་མ་ཟད། དམངས་གཙོ་ལ་ཡིད་ཆེས་དང་དམར་ཤོག་རིང་ལུགས་ཀྱི་སྒེར་གཅོད་པ་ལ་ངོ་རྒོལ་བྱེད་མཁན་ཞིག་ཀྱང་ཡིན་པས། ཁོང་གིས་སྒེར་སེམས་མེད་པའི་ཐོག་རྒྱལ་ཁབ་དེ་ཉིད་ཡར་རྒྱས་ཀྱི་དོན་དུ་ཕྱག་ལས་གནང་བ་དེ་དག་ནི་གཞན་གྱི་མིག་དཔེ་ལྟ་ས་ཞིག་ཆགས་ཡོད་ཅེས་དང་། ཁོང་ནི་༧གོང་ས་མཆོག་གི་བློ་ཐག་ཉེ་བའི་གྲོགས་པོ་ཞིག་ཡིན་པ་དང་། ཕྱི་ལོ་༢༠༡༡ ལོར་སྲིད་འཛིན་ཝེ་ཁེ་ལེབ་ཧ་ཝིལ་(Vaclav Havel) གྱིས་གདན་ཞུ་ལྟར་༧གོང་ས་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་ཕེབས་སྐབས་ཁོང་དང་མཇལ་འཕྲད་གནང་ཡོད་པ་དང་། ཁོོང་གིས་ཐོག་མཐའ་བར་གསུམ་དུ་རྒྱ་གཞུང་གིས་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བར་གནོན་ཤུགས་སྤྲད་པས་ཁོང་ནི་ང་ཚོ་བོད་མི་ཡོངས་ལ་བཀའ་དྲིན་ཆེན་པོ་ཡིན་ཞེས་དང། ཚོགས་གཙོས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་འཛམ་གླིང་གང་སར་ཡོད་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཤུལ་བཞུགས་ནང་མི་རྣམས་ལ་གདུས་སེམས་མཉམ་སྐྱེད་ཡོད་སོགས་ཀྱི་གསུང་འཕྲིན་བསྩལ་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།